འཛིན་བཟུང་བྱས་པའི་བོད་མི་རྩོམ་པ་པོ་ཞིག་རྩད་གཅོད་གནང་བ།
2009.04.01
༄༅༎ཨ་རིའི་གྲོང་ཁྱེར་ནིའུ་ཡོརྐ་ནང་རྟེན་གཞི་གནང་བའི་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་ཀན་སུ་ཞིང་ཆེན་ནང་གི་རྒྱ་ནག་སྤྱི་བདེ་ལས་ཁུངས་ལ་ཁེ་ཉིན་ཁ་པར་ཐོག་ནས་ཟླ་བ་སྔོན་མ་རྒྱ་མིའི་དབང་འཛིན་པས་འཛིན་བཟུང་བྱས་པའི་ཀུན་དགའ་ཚེ་དབྱངས་ལགས་ད་ཆ་ག་བར་ཡོད་མེད་དང་ཁོང་གི་ཁྲིམས་དོན་གནས་བབ་ཇི་ཆགས་རྩད་གཅོད་གནང་འདུག
མདོ་སྨད་བླ་བྲང་བཀྲིས་འཁྱིལ་དགོན་པའི་དགེ་འདུན་པ་ཀུན་དགའ་ཚེ་དབྱངས་ལགས་ཀྱིས་ཆབ་སྲིད་ཀྱི་དཔྱད་རྩོམ་བྲིས་གནང་ཡོད་པ་དང་རྒྱ་གཞུང་གིས་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པ་ནས་བཟུང་གནས་འཕྲིན་དྲ་རྒྱའི་ཐོག་རྩོམ་ཡིག་སྤེལ་མཁན་བོད་མིའི་རྩོམ་པ་པོའི་ཐོག་ཞིབ་བཤེར་དམ་བསྒྲགས་བྱེད་འགོ་བཙུགས་པའི་འོག་ཟླ་བ་སྔོན་མ་ཀུན་དགའ་ལགས་རྒྱ་མིས་འཛིན་བཟུང་བྱས་ནས་ད་ཆ་གར་ཡོད་ཤེས་རྟོག་མེད་པའི་གནས་ཚུལ་ཆགས་ཡོད་པའི་སྐོར་གསར་འགོད་པ་སྲུང་སྐྱོབ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་གནང་བཞག
བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་གནང་བའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་འབྱུང་ཁུངས་ཁག་འགའ་ཤས་ནས་ཤེས་རྟོགས་བྱུང་བར་གཞིགས་ན་སྔ་ལོ་ཕྱི་ཟླ་གསུམ་པའི་ཚེས་བཅུ་བདུན་མཚན་མོ་སྤྱི་བདེ་ལས་ཁུངས་ཀྱི་མི་སྣས་ཀུན་དགའ་ཚེ་དབྱངས་ལགས་འཛིན་བཟུང་བྱས་ཡོད་པ་དང་དེ་ནས་བཟུང་ད་བར་ཁོང་ག་བར་ཡོད་མེད་སུས་ཀྱང་ཤེས་རྟོགས་མེད་པའི་སྐོར་གསུངས་ཡོད་པ་རེད༎