བོད་དུ་ཞིང་འབྲོག་ཁུལ་གྱི་སློབ་གྲྭའི་རོཌ་དངུལ་མང་རུ་གཏོང་འཆར།
2011.03.01
༄༅༎རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཁུལ་གྱི་ཞིང་འབྲོག་ས་ཁུལ་གྱི་སློབ་གྲ་ཁག་ཏུ་དཔལ་འབྱོར་གྱི་རོགས་དངུལ་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་ལྷ་ས་ནས་ཤིང་ཧྰ་གསར་ཤོག་ཐོག་གནས་ཚུལ་སྤེལ་བཞག
དེ་ཡང་བོད་རང་སྐྱོང་ལྗོངས་ཁུལ་གྱི་སློབ་གྲ་ཁག་ཐོག་དཔལ་འབྱོར་གྱི་འགྲོ་གྲོན་མང་དུ་གཏོང་རྒྱུ་དང༌། ལྷག་པར་དུ་ལས་དོན་གྱི་འཆར་གཞི་དེ་ནི་སློབ་ལོ་ཟིན་པའི་ཕྲུ་གུ་འབུམ་ལྔ་ལྷག་ལ་ཁེ་ཕན་ཡོང་རྒྱུ་མ་ཟད། ཕྲུ་གུ་དེ་དག་ནང་ནས་མང་ཆེ་བ་བོད་ཀྱི་གྲོང་གསེབ་ས་ཁུལ་ཁག་ནས་ཡིན་པ་བཤད་ཡོད། དེ་ནི་རེས་གཟའ་ཟླ་བའི་ཉིན་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁང་གི་མགྲིན་ཚབ་པ་རྡོ་རྗེ་ཚེ་རིང་ལགས་ཀྱིས་བཤད་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ས་གནས་སྲིད་གཞུང་གིས་འདི་ལོ་གྲོང་གསེབ་ས་ཁུལ་གྱི་ཕྲུ་གུའི་སློབ་གསོའི་གོང་འཕེལ་གྱི་དངུལ་རྩིས་ལྡབས་གཉིས་ཀྱིས་མང་དུ་གཏོང་རྒྱུའི་འཆར་གཞི་ཡོད་པ་དང༌། དངུལ་རྩིས་འཆར་གཞི་དེའི་ནང་དུ་བོད་ཀྱི་གྲོང་གསེབ་ས་ཁུལ་གྱི་གཞི་རིམ་སློབ་གྲ་ནས་དམའ་འབྲིང་སློབ་གྲ་བར་གྱི་སློབ་ཕྲུག་རེ་རེ་ལ་ལོ་རེར་ལྟོ་དོད་དང༌། གྱོན་གོས། སློབ་གྲའི་ཉེར་མཁོ། སློབ་གྲའི་ནང་སྡོད་གླ་སོགས་ལོ་རེའི་འགྲོ་གྲོན་རྒྱ་མིའི་སྒོར་མོ་ཉིས་སྟོང་ཐོབ་རྒྱུ་ཡིན་པ་བཤད་ཡོད་པ་རེད། བོད་ནང་སློབ་ལོ་ཟིན་པའི་སློབ་ཕྲུག་ཚོར་ཤེས་ཡོན་གོ་སྐབས་རིན་མེད་དུ་སྤྲོད་བཞིན་ཡོད་ལུགས་དང༌། ལྷག་པར་དུ་ཕྱི་ལོ་༡༩༨༥ནས་བཟུང་ཞིང་འབྲོག་མི་དམངས་ཀྱི་ཁྱིམ་ཚང་གི་ཕྲུ་གུ་ཚོར་རོགས་རམ་ཐོབ་ཀྱི་ཡོད་ལུགས་དང༌། དེ་བཞིན་དཔལ་འབྱོར་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི་ཕྲུ་གུ་གང་ཞིག་གཞི་རིམ་དང་དམའ་འབྲིང༌། འབྲིང་རིམ་སློབ་གྲར་བསྐྱོད་རྒྱུར་རྒྱ་མིའི་སྒོར་མོ་ས་ཡ་༡༠ལྷག་གི་དཔལ་འབྱོར་འགྲོ་གྲོན་གཏོང་གི་ཡོད་ཚུལ་བཤད་ཡོད་པ་རེད། འོན་ཀྱང་རྒྱ་ནག་ནང་དུ་ལྐོག་ཟ་རུལ་སུངས་བྱ་སྤྱོད་ནི་ཚབས་ཆེ་བའི་ནད་ཡམས་ལྟ་བུར་གྱུར་སྟེ། འགོ་མཐོ་བ་དཔོན་རིགས་ནས་དམའ་བ་གོ་གནས་ཐོབ་པ་ཙམ་གྱིས་ལྐོག་ཟ་རུལ་སུངས་ཀྱི་གོ་སྐབས་དམ་འཛིན་བྱེད་པ་ནི་བརྗོད་མི་དགོས་པར་སོང། བོད་རིགས་མི་དམངས་ཀྱི་ཕྲུ་གུའི་ཤེས་ཡོན་ཐོག་གི་སྔོན་རྩིས་འཆར་གཞི་དེ་རྣམས་དོན་ངོ་མའི་ཐོག་ནས་མི་དམངས་ལ་ཐོབ་ཀྱི་ཡོད་མེད་ནི་ཐེ་འཚོམ་སྐྱེས་གཞིའི་གནས་སྟངས་ཤིག་ཡིན་པ་རེད།