ཨོ་སོ་ཀྲོ་ལི་ཡ་དང་རྒྱ་ནག་བར་འགྲོ་བ་མིའི་ཐོབ་ཐང་གྲོས་མོལ།

ཨོ་སོ་ཀྲོ་ལི་ཡ་དང་རྒྱ་ནག་དབར་གྱི་གཞུང་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གྲོས་མོལ་ཐེངས་བཅུ་གཉིས་པ་དེ་ཚུགས་ཡོད་པའི་གནས་ཚུལ།

2009.02.10

༄༅༎ཨོ་སོ་ཀྲོ་ལི་ཡ་དང་རྒྱ་ནག་དབར་གྱི་གཞུང་འབྲེལ་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གྲོས་མོལ་ཐེངས་བཅུ་གཉིས་པ་དེ་ཨོ་སོ་ཀྲོ་ལི་ཡའི་རྒྱལ་ས་ཀེན་སྦེ་རར་ཚུགས་ཡོད་པ་དང་ཨོ་སོ་ཀྲོ་ལི་ཡའི་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐོག་ཐུགས་འཚབ་གནང་ལུགས་གསུངས་པར་རྒྱ་ནག་གི་གྲོས་མོལ་སྐུ་ཚབ་ཚོགས་ཆུང་གི་འགོ་འཁྲིད་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་རོགས་ལིའུ་ཅེ་ཡིས་ཨོ་སོ་ཀྲོ་ལི་ཡས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་སེམས་འཚབ་བྱེད་བཞིན་པ་དེ་ནི་གཞི་ཡུལ་མེད་པ་ཞིག་ཡིན་པ་འགྲེལ་བརྗོད་བྱས་འདུག

ད་དུང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལས་རོགས་ལིའུ་ཡིས་གནད་དོན་འདྲི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད།རིག་གཞུང་གི་རང་དབང་གི་གནད་དོན་སོགས་གང་ཡང་མིན་ཞིང་ཨོ་སོ་ཀྲོ་ལི་ཡའི་གཞུང་གིས་གནད་དོན་འདིའི་ཐད་རྒྱ་ནག་གཞུང་གི་ལངས་ཕྱོགས་ཇི་ཡིན་གསལ་པོར་མཁྱེན་རྟོགས་ཡོད་པར་ངས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་གནད་དོན་དེའི་སྐོར་ཤེས་རྟོགས་ཡག་པོ་ཡང་རྒྱུར་བདེན་པར་རྩ་འཛིན་བྱེད་པའི་བསམ་ཚུལ་དགོས་རྒྱུ་ནི་གལ་འགངས་ཧ་ཅང་ཆེན་པོ་རེད་ཅེས་བརྗོད་འདུག

ཨོ་སོ་ཀྲོ་ལི་ཡ་དང་རྒྱ་ནག་དབར་གྱི་འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་གྲོས་མོལ་བྱེད་བཞིན་པ་དང་དུས་མཚུངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་སྤྱི་དང་ལྷག་པར་དུ་བོད་དུ་བཟུང་བའི་སྲིད་བྱུས་ཐད་སྐྱོན་བརྗོད་ཆེན་པོ་བྱུང་ཡོད་ཅིང་རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་ཚོགས་ཆེན་དེའི་ཐོག་རྒྱ་ནག་ནི་ཁྲིམས་ལུགས་ཀྱི་དབང་འཛིན་པའི་ཡུལ་གྲུ་ཞིག་ཡིན་ལུགས་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དར་སྤེལ་མཐའ་གཅིག་ཏུ་བྱེད་མཁན་ཞིག་ཡིན་ལུགས་ཨུ་ཚུགས་ཐ་ནན་བྱས་ཡོད་པ་རེད།

རྒྱ་ནག་ནི་ཨོ་སོ་ཀྲོ་ལི་ཡས་ཚོང་འབྲེལ་བྱ་ཡུལ་གྱི་རྒྱལ་ཁབ་ཨང་དང་པོ་དེ་ཡིན་ཞིང་ཕྱི་ལོ་༢༠༠༧ལོར་རྒྱ་སྐད་མཁྱེན་མཁན་སྐུ་ཞབས་ཀེ་ལྦིན་ར་ཌི་ཡུལ་དེའི་སྲིད་བློན་དུ་འདེམས་བསྐོ་བྱུང་སྟེ་རྒྱ་ནག་དང་འབྲེལ་ལམ་དམ་ཟབ་གཏོང་རྒྱུ་དེ་ཁོང་གི་ཕྱི་སྲིད་ཀྱི་ལས་དོན་གཙོ་བོར་དམ་འཛིན་གནང་ཡོད་ན་ཡང་དེས་ཁོང་གི་ངོས་ནས་རྒྱ་ནག་གི་འགོ་འཁྲིད་ཚོར་འགྲོ་བ་མིའི་ཐོབ་ཐང་ཐད་བཀའ་མོལ་ཐད་ཀར་གནང་རྒྱུར་འགོག་རྐྱེན་བཟོས་མེད་པར་མ་ཟད་སྔ་ལོ་ཁོང་རྒྱ་ནག་ཏུ་གཞུང་འབྲེལ་འཚམས་གཟིགས་ཤིག་ལ་ཕེབས་སྐབས་རྒྱ་ནག་གི་སློབ་ཕྲུག་ཚོར་རྒྱ་སྐད་ཀྱི་ནང་གསུང་བཤད་ཅིག་གནང་པའི་ནང་སྔ་ལོ་བོད་ནང་ངོ་རྒོལ་དུས་ཟིང་བྱུང་སྟེ་རྒྱ་ནག་གཞུང་གིས་བོད་མི་ཚོའི་ཐོག་དྲག་གནོན་ཤུགས་ཆེ་བྱས་པ་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཐུགས་འཚབ་ཡོད་པ་གསལ་བཤད་གནང་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎