བོད་རྒྱ་འབྲེལ་མོལ་ཐེངས་བརྒྱད་པའི་སྐབས།
2008.11.06
༄༅༎རྒྱ་ནག་གཞུང་གིས་འབྲེལ་ཡོད་དཔོན་རིགས་ནས་ད་རེས་བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་ལྷན་དང་མཇལ་མོལ་ཐེངས་བརྒྱད་པའི་སྐབས་བོད་ལ་རང་བཙན་གྱི་རྣམ་པ་མཚོན་པའི་གནས་བབ་དང་ཐ་ན་ཕྱེད་རང་བཙན་གྱི་གནས་བབ་སོགས་ག་འདྲ་ཞིག་རུང་བཀའ་བསྡུར་ཅི་ནས་བྱེད་རྩིས་མེད་སྐོར་གསལ་སྟོན་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
བཙན་བྱོལ་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་སྐུ་ཚབ་བཀའ་ཟུར་རྒྱ་རི་རིན་པོ་ཆེ་དང་སྐལ་བཟང་རྒྱལ་མཚན་ལགས་རྣམ་གཉིས་དང་ཕྱགས་འབྲེལ་ལས་བྱེད་གསུམ་ཐེ་བས་སྐུ་ཚབ་ཚོགས་པ་རྣམས་ཉེ་སྔོན་ཕྱི་ཟླ་བཅུ་པའི་ཚེས་སུམ་ཅུ་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཕེབས་ཐོན་གནང་ཡོད་ཀྱང་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གིས་འབྲེལ་ཡོད་དཔོན་རིགས་ལྷན་དང་དངོས་གཞིའི་འབྲེལ་མོལ་དེ་རེས་གཟའ་མིག་དམར་ཉིན་འགོ་བཙུགས་གནང་སྟེ་རེས་གཟའ་ལྷག་པའི་ཉིན་མཇལ་མོལ་མཇུག་སྡོམ་གནང་ཡོད་པ་རེད། བོད་མིའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འཚེ་མེད་ཞི་བ་དང་ལམ་དབུ་མའི་མཛད་ཇུས་འོག་བོད་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོངས་ཀྱི་གནས་བབ་བསྐྲུན་ཐབ་གནང་པ་མ་གཏོགས་རང་བཙན་རྩོད་གནང་གི་མེད་པའི་བཞེངས་ཕྱོགས་དེ་རྒྱལ་སྤྱིའི་ཐོག་སྔ་རྗེས་སུ་ལན་མང་གསལ་སྟོན་གནང་ཡོད་པ་རེད། ཡིན་ཡང་དེ་རིང་ཚེས་དྲུག་ཉིན་ཕེརན་སི་གསར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན་བོད་རྒྱའི་དབར་ཐེངས་འདིའི་འབྲེལ་མོལ་གནང་སྐབས་རྒྱ་ནག་གི་ཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་འགོ་འཁྲིད་ཏུའུ་ཆིང་ལིང་གིས་དུས་ཚོད་དང་གནས་སྟངས་ག་འདྲ་ཞིག་ལ་མ་ལྟོས་པར་བོད་རང་བཙན་ཟེར་བའི་གནས་བབ་དང་ཡང་ན་ཕྱེད་རང་བཙན་ཟེར་བ་སོགས་གང་ལྟར་རང་བཙན་གྱི་རྣམ་པ་མཚོན་པའི་གནས་བབ་ག་འདྲ་ཞིག་གི་ཐོག་ལ་རྒྱ་ནག་ཕྱོགས་ནས་བཀའ་བསྡུར་འདྲི་རྩད་དང་སྐད་ཆ་ཤོད་རྩིས་གང་ཡང་མེད་སྐོར་བཙན་བྱོལ་བོད་གཞུང་གི་འབྲེལ་མོལ་སྐུ་ཚབ་རྣམས་ལ་གསལ་སྟོན་བྱས་ཡོད་ལུགས་སྐོར་རྒྱ་ནག་གི་གཞུང་འབྲེལ་ཤིན་ཧུཨ་གསར་ལས་ཁང་གིས་གནས་ཚུལ་ལུང་འདྲེན་བྱས་འདུག