རྒྱ་གར་དང་རྒྱ་ནག་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ།
2009.03.19
༄༅༎རྒྱ་ནག་དང་རྒྱ་གར་དབར་ཚོང་འབྲེལ་དཀའ་རྙོག་སེལ་ཐབས་སུ་རྒྱལ་ཁབ་གཉིས་ཀྱི་སྐུ་ཚབ་ལས་གྲུབ་པའི་ཚོགས་ཆུང་ཞིག་གསར་འཛུགས་གནང་གཏན་འཁེལ་འདུག་ལ་ད་ཡོད་རྒྱ་གར་དང་རྒྱ་ནག་གི་ཚོང་འབྲེལ་དཀའ་རྙོག་དེ་བཞིན་རྒྱལ་སྤྱིའི་ཚོང་འབྲེལ་ལྷན་ཚོགས་ཐོག་ཞུ་གཏུགས་བྱེད་མི་སྲིད་པ་མ་རེད་ཅེས་རྒྱ་ནག་གིས་བཤད་བཞག
དེ་ཡང་རྒྱ་གར་ནང་གཟིགས་སྐོར་གནང་བཞིན་པའི་རྒྱ་ནག་གི་ཚོང་འབྲེལ་བློན་ཆེན་གཞོན་པ་ཀྲུང་ཧྲན་དང་རྒྱ་གར་གཞུང་གི་ཚོང་འབྲེལ་དྲུང་ཆེ་ཇི་ཀེ་པི་ལའེ་རྣམ་གཉིས་མཇལ་འཕྲད་གྲོས་མོལ་གནང་བའི་རྗེས་རྒྱ་ནག་གི་ཚོང་འབྲེལ་བློན་ཆེན་གཞོན་པ་ཀྲུང་གིས་ཡུལ་གྲུ་གཉིས་ཀྱི་ཚོང་འབྲེལ་དཀའ་རྙོག་དེའི་ཐད་རྒྱལ་སྤྱིའི་ཚོང་འབྲེལ་ལྷན་ཚོགས་སར་ཁྲིམས་གཏུགས་བྱ་རྒྱུའི་རང་དབང་རྒྱ་ནག་ལ་ཡོད་ཀྱང་ད་ཆ་ང་ཚོ་རྒྱལ་ཁབ་གཉིས་པོས་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་བྱ་རྒྱུར་མོས་མཐུན་བྱུང་ཡོད་པ་བཤད་བཞག ཕྱི་ཟླ་དང་པོའི་ནང་རྒྱ་གར་གཞུང་གིས་རྒྱ་ནག་ནས་བཟོས་པའི་ཕྲུ་གུའི་རྩེད་མོ་ནང་འདྲེན་བྱ་རྒྱུ་ཟླ་བ་དྲུག་རིང་བཀག་སྡོམ་གནང་རྒྱུའི་ཐག་གཅོད་གནང་ཡོད་པ་དང་དེ་ལྟར་ཐག་གཅོད་གནང་དགོས་དོན་ནི་རྒྱལ་སྤྱིའི་ནང་རྒྱ་ནག་ནས་བཟོས་པའི་ཕྲུ་གུའི་རྩེད་ཆས་ལ་ལེདྲི་ཞེས་པའི་རྫས་དུག་གི་ཚོན་རྩི་ཡོད་པའི་ཆ་ནས་ཕྲུ་གུ་མང་པོ་ནད་པ་ཆགས་པའི་རྐྱེན་གྱིས་རྒྱ་གར་གཞུང་གིས་བཀག་སྡོམ་གནང་བ་ཞིག་ཡིན་པ་རེད། རྒྱ་གར་གཞུང་གིས་བཀག་སྡོམ་གནང་བ་དེར་རྒྱ་ནག་གིས་སྐྱོན་བརྗོད་ཞུས་ཐོག་གནད་དོན་དེས་རྒྱལ་ཁབ་གཉིས་ཀྱི་ཚོང་འབྲེལ་ལ་ཚབས་ཆེའི་གནོད་སྐྱོན་བཟོ་སྲིད་པའི་ཉེན་བརྡ་ཡང་བཏང་ཡོད་པ་རེད། འོན་ཀྱང་ཟླ་བ་འདིའི་ཚེས་ཤར་ལ་རྒྱ་གར་གཞུང་གིས་འཕྲོད་བསྟེན་ཉེན་སྲུང་གི་ཆ་རྐྱེན་མང་པོ་ཞིག་བཞག་པའི་རྗེས་རྒྱ་ནག་ནས་རྩེད་ཆས་ཉོ་རྒྱུའི་བཀག་སྡོམ་དེ་བཞིན་ཕྱིར་འཐེན་གནང་ཡོད་པ་རེད། ཕྱི་ལོ་ཉིས་སྟོང་བརྒྱད་དང་དགུ་ལོར་རྒྱ་གར་དང་རྒྱ་ནག་དབར་ཨ་རིའི་ཌོ་ལར་ཐེར་འབུམ་༥༡ཙམ་གྱི་ཚོང་འབྲེལ་གནང་ཡོད་པ་དང་དེ་ནི་སྔ་ལོའི་རྩིས་ནས་ཨ་སྒོར་ཐེར་འབུམ་༣༨མང་བ་ཡིན་འདུག།