རྒྱ་གཞུང་གིས་དམ་བསྒྲགས་བྱེད་ཤུཌ་ཆེ་རུ་བཏང་བར་སྐྱོན་བརྗོད།
2011.03.03
༄༅༎རྒྱ་ནག་ནང་དྲ་རྒྱའི་བརྒྱུད་ཀུན་སློང་བྱས་པའི་མང་ཚོགས་ཀྱི་ངོ་རྒོལ་གྱི་ལས་འགུལ་ཁྲོད་གཞུང་ཕྱོགས་ནས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་བྱ་སྤྱོད་ལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་སྐྱོན་བརྗོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་༎
ཉེ་སྔོན་ཨབ་རི་ཀའི་ཀྲུ་ནི་ཤི་ཡ་རྒྱལ་ཁབ་ནང་ཇེ་སི་མིན་ནམ་མེ་ཏོག་ཀུན་དའི་གསེར་བརྗེ་ལས་འགུལ་ཞེས་མང་ཚོགས་ནས་ངོ་རྒོལ་གྱི་ལས་འགུལ་གྱི་རྐྱེན་པས་གཞུང་འཕོ་འགྱུར་བཏང་བའི་ལས་འགུལ་ལ་དཔེ་མཚོན་ལེན་ཏེ་ཉེ་དུས་རྒྱ་ནག་ནང་དྲ་རྒྱའི་བརྒྱུད་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ནང་མི་མང་ཚོས་ངོ་རྒོལ་གྱི་རྣམ་པ་མཚོན་པ་ཞི་བའི་འདུ་འཛོམས་ཀྱི་ལས་འགུལ་སྤེལ་དགོས་པའི་ཀུན་སློང་འོག་ལས་འགུལ་རིམ་པ་ཐོན་ཡོད་པར་སོང་གཞུང་ཕྱོགས་ནས་མི་མང་འདུ་འཛོམས་ཀྱི་ལས་འགུལ་འགོག་ཐབས་ཆེད་དོགས་གཞི་ཅན་གྱི་ལས་འགུལ་སྣེ་འཁྲི་མི་སྣ་དོ་དམ་འཛིན་བཟུང་བྱས་པ་དང་ འདུ་འཛོམས་ཀྱི་ལས་འགུལ་བཙན་ཤེད་ཀྱི་ཕྱིར་བསྡུ་བྱེད་དུ་བཅུག་པ་སོགས་དམ་བསྒྲགས་ཀྱི་ལས་འགུལ་བསྟུད་མར་སྤེལ་བཞིན་ཡོད་པ་རེད་ ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཞེས་པའི་འགན་འཛིན་རེ་ནེ་ཤིའ་ཞུ་བས་གསུངས་ན་ དེང་ཨབ་རི་ཀ་དང་དཀྱིལ་ཤར་གྲུ་ཁག་གི་ཨ་རབ་རྒྱལ་ཁབ་ནང་གསར་བརྗེ་གྱེན་ལངས་ལ་བརྟེན་ནས་མང་ཚོགས་ཀུན་སློང་བྱ་རྒྱུར་དྲ་རྒྱུའི་ནུས་པ་དང་ཁྱབ་ཚད་ལ་རྒྱ་ནག་གཞུང་གིས་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པ་རེད་ དེར་བརྟེན་ཉེ་དུས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དང་ཧྲང་ཧའེ་དང་ནན་ཅིང་སོགས་གྲོང་ཁྱེར་ཆེ་ཁག་ནང་ཇེ་སི་མིན་གསར་བརྗེ་གྱེན་ལངས་ཞེས་ངོ་རྒོལ་གྱི་རྣམ་པ་མཚོན་པའི་འདུ་འཛོམས་ཀྱི་ལས་འགུལ་ཐོན་པ་ནས་བཟུང་ རྒྱ་ནག་གཞུང་གིས་ཚ་ཚ་འུར་འུར་ངང་དམ་བསྒྲགས་དང་དྲག་གནོན་བསྟུད་མར་བྱེད་བཞིན་ཡོད་པ་དང་ རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ནས་རྒྱ་ནག་ནང་གསར་བརྗེ་གྱེན་ལངས་པ་ཚོར་རྒྱབ་སྐྱོར་གནང་གལ་ཆེ་བའི་སྐོར་སྐུལ་ལྕག་བྱས་འདུག འདས་པའི་གཟའ་འཁོར་གཉིས་ཀྱི་རེས་གཟའ་ཉིན་མའི་ཉིན་དྲ་རྒྱའི་བརྒྱུད་ཀུན་སློང་དང་གཏན་འབེབས་བྱས་པའི་དུས་ཚིགས་གཞིར་བཟུང་ རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧའེ་ནང་མི་མང་འདུ་འཛོམས་བྱེད་སྐབས་ ཉེན་རྟོག་མི་སྣ་འཕོན་ཆེ་འགྲེམས་འཇོག་བྱས་ཏེ་འདུ་འཛོམས་བཀག་སྡོམ་བྱས་པ་དང་ ཉེན་རྟོགས་མི་སྣས་གསར་འགོད་པ་ཚོར་གནས་ཚུལ་བཀོད་བྲིས་བཀག་འགོག་བྱས་པ་མ་ཟད་ ཨ་རིའི་སྦུ་ལུམ་སྦག་གསར་ལས་ཁང་གི་གསར་འགོད་པ་ཐེ་བས་གཞན་གསར་འགོད་པ་རེ་ཟུང་ལ་ཉེས་རྡུང་བཏང་བའི་གནས་ཚུལ་བྱུང་ཡོད་པ་རེད་ལ་ རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་གསར་འགོད་པ་ཚོར་དེ་ལྟ་བུའི་འཇིགས་སྣང་སློང་ཐབས་ཀྱི་བྱ་སྤྱོད་ལ་འགྲོ་བ་མིའི་ཐོབ་ཐང་རྟོགས་ཞིབ་ཚོགས་པའི་འགན་འཛིན་སོའོ་ཕི་རི་ཆདྲ་སོན་གཙོས་པའི་གཞན་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ནས་སྐྱོན་བརྗོད་ཤུགས་ཆེ་གནང་བཞག་༎