རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་མཁན་གློད་བཀྲོལ་བཏང་བ།
2009.08.23
༄༅༎རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་སྣེ་ཁྲིད་གནང་མཁན་ཁྲིམས་རྩོད་པ་ཞ྄ུས་ཀྲི་ཡུང་དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་འོག་ནས་གློད་བཀྲོལ་བཏང་ཡོད་ཀྱང་ཁོང་གིས་མི་དམངས་ཀྱི་བདེ་དོན་རྩོད་ལེན་བྱེད་མཁན་གྱི་ཁྲིམས་རྩོད་པའི་ཚོགས་པ་གསར་འཛུགས་བྱས་པ་དེར་རྒྱ་ནག་གཞུང་གིས་དཔྱ་ཁྲལ་དུས་ཐོག་ཏུ་འཇལ་མེད་པའི་ནག་ཉེས་བཙུགས་པའི་ཐོག་ཁྲིམས་བཤེར་བྱ་སྲིད་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
ཁྲིམས་རྩོད་པ་ཞུས་ཀྲི་ཡུང་ནི་རྒྱ་ནག་གཞུང་གིས་ས་ཞིང་བཙན་འཕྲོག་བྱས་པའི་ཞིང་པ་དང་ལས་མེད་དུ་གྱུར་བའི་བཟོ་པ་དེ་བཞིན་རྒྱ་ནག་གཞུང་གིས་དྲང་བདེན་གྱི་ཁྲིམས་ཀྱི་ཐོབ་ཐང་མ་སྤྲད་པ་དང་གང་བྱུང་དུ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་པ་དེ་དུང་ན་ནིང་ཕྲུ་གུའི་འོ་ཙམ་ནང་དུག་རྫས་བསྲེས་ཏེ་ཕྲུ་གུ་རྐྱེན་ལམ་དུ་ཕྱིན་པ་དང་ནད་མནར་དུ་གྱུར་བའི་ནང་མི་ཚོ་གུན་གསབ་རྩོད་ལེན་བྱེད་པའི་གྱོད་དོན་རྣམས་ཁྲིམས་ལུགས་ཀྱི་ཐོག་ནས་དག་སེལ་དང་ཐོབ་ཐང་རྩོད་ལེན་བྱ་རྒྱུ་སོགས་རྒྱ་ནག་མི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དང་འབྲེལ་བའི་གྱོད་དོན་ཐད་རོགས་རམ་བྱེད་མཁན་གྱི་ཁྲིམས་རྩོད་པ་དང་ཆེད་ལས་མཁས་པའི་མཉམ་འབྲེལ་ཚོགས་པ་ཀུང་མེང་ཟེར་བ་གསར་འཛུགས་གནང་མཁན་གྱི་གྲས་ཡིན་ཞིང་ལྷག་པར་དུ་འདི་ལོ་ཁྲིམས་རྩོད་པའི་ཚོགས་པ་དེའི་ཐོག་ནས་བོད་ནང་རྒྱ་ནག་གཞུང་གིས་འཛིན་པའི་སྲིད་ཇུས་ཐད་སྐྱོན་བརྗོད་ཀྱི་གསལ་བསྒྲགས་ཤིག་ཀྱང་འགྲེམས་སྤེལ་གནང་ཡོད་པ་རེད། འདི་ལོའི་ཕྱི་ཟླ་བདུན་པའི་ཚེས་བཅུ་བདུན་ཉིན་པེ་ཅིང་ཉེན་རྟོག་པ་ཀུང་མེང་ཁྲིམས་རྩོད་ཚོགས་པའི་ཡན་ལག་ལས་ཁུངས་ཀུང་མེང་ཁྲིམས་མཐུན་ཞིབ་འཇུག་ལྟེ་གནས་ཁང་དུ་སླེབས་ཏེ་ཡིག་ཆ་སྔོག་བཤེར་རྒྱབ་པ་དང་ཀམ་པུ་ཊར་སོགས་ཅ་དངོས་རྣམས་གཞུང་བཞེས་བཏང་བ་མ་ཟད་ལྟེ་གནས་ཁང་དེ་སྒོ་བརྒྱབ་པའི་གནས་ཚུལ་བྱུང་བའི་རྗེས་ཕྱི་ཟླ་བདུན་པའི་ཚེས་ཉི་ཤུ་དགུ་ཉིན་ཉེན་རྟོག་པས་ཞུས་ཀྲི་ཡོང་གིས་གསར་འཛུགས་གནང་བའི་ཀུང་མེང་ཁྲིམས་མཐུན་ཚོགས་པ་དེས་དཔྱ་ཁྲལ་སྦས་སྐུང་བྱས་པའི་ཉེས་འཛུགས་ཀྱིས་ཁོང་གི་ཁྱིམ་ཚང་ནས་བཙན་ཁྲིད་བྱས་ཏེ་མི་སུ་གཅིག་དང་འབྲེལ་གཏུགས་བྱེད་དུ་མ་བཅུགས་པར་ད་བར་གཟའ་འཁོར་གསུམ་རིང་དོ་དམ་བཀག་ཉར་བྱས་པའི་རྗེས་གློད་བཀྲོལ་ཐོབ་ཡོད་པ་རེད། ཡིན་ནའང་ཁོང་གི་ཁྲིམས་རྩོད་པ་ཀྲོའུ་ཙེ་ཡིས་ཞུས་ཀྲི་ཡོང་ལ་དཔྱ་ཁྲལ་སྦས་སྐུང་བྱས་པའི་ནག་ཉེས་དེར་མུ་མཐུད་འདྲི་ཞིབ་བྱ་སྲིད་པ་ཡིན་ཞིང་གལ་ཏེ་ཁོང་ལ་ཁྲིམས་ཁང་ནས་ནག་ཉེས་ར་སྤྲོད་བྱུང་བ་ཡིན་ཚེ་མི་ལོ་བདུན་གྱི་བཙོན་འཇུག་ཉེས་ཆད་ཕོག་སྲིད་པའི་སྐོར་བཤད་ཡོད་པ་རེད༎