རྒྱ་ནག་གཞུང་གིས་༸གོང་ས་མཆོག་ལ་མཚན་དམས་ཞུས་པ།
2009.07.05
༄༅༎བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་པར་བོད་མིའི་དབུ་ཁྲིད་དམངས་གཙོའི་ལམ་སྲོལ་ཐོག་ནས་འོས་འདེམས་གནང་རྒྱུའི་དགོངས་བཞེས་གནང་བཞིན་པ་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་ཞུས་འདུག
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཙན་བྱོལ་བོད་མིའི་སྤྱི་ཚོགས་དམངས་གཙོར་འགྱུར་ཡོད་པ་མ་ཟད་མ་འོངས་པར་༸གོང་ས་མཆོག་གི་ཡང་སྲིད་ཀྱང་དམངས་གཙོའི་ལམ་སྲོལ་ཐོག་ཐག་གཅོད་བྱེད་དགོས་པ་སོགས་དེང་དུས་དང་མཐུན་པའི་བཀའ་སློབ་ཡང་ནས་ཡང་དུ་ཕེབས་བཞིན་པར་དེར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱེད་མུས་ལྟར་རེས་གཟའ་ཉི་མའི་ཉིན་ལྷ་སར་ཕྱི་རྒྱལ་གྱི་གསར་འགོད་ལྷན་ཚོགས་ཤིག་གི་སར་བོད་བརྒྱུད་ནང་བསྟན་ལྷན་ཚོགས་ཀྱིི་དབུ་ཁྲིད་ཤིང་རྩ་བསྟན་འཛིན་ཆོས་གྲགས་ལགས་ཀྱིས་༸གོང་ས་མཆོག་གིས་སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ནང་པའི་སྲོལ་རྒྱུན་དང་འགལ་བའི་ལམ་སྲོལ་གསར་གཏོད་ཀྱིས་སྐུ་ཕྲེང་རྗེས་མ་དེ་མང་ཚོགས་ཀྱིས་དམངས་གཙོའི་ལམ་སྲོལ་ཐོག་ནས་འོས་འདེམས་རྒྱུ་སོགས་དགོངས་བཞེས་སྣ་ཚོགས་གནང་བཞིན་པ་དེར་སྐྱོན་བརྗོད་དང་སྦྲགས་ཡང་སྲིད་ངོས་འཛིན་རྒྱལ་རབས་དང་ཆོས་ཕྱོགས་ཀྱི་སྲོལ་རྒྱུན་དང་མཐུན་པ་དགོས་པ་མ་ཟད་མཐར་རྒྱ་ནག་དབུས་གཞུང་གིས་ངོས་ལེན་དགོས་ལུགས་གཏམ་བཤད་གནང་འདུག ༸གོང་ས་མཆོག་གིས་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་ལམ་སྲོལ་མཇུག་སྐྱོང་གནང་དང་མི་གནང་དང་གལ་སྲིད་མཇུག་སྐྱོང་གནང་ཡང་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་ས་ཕྱོགས་གང་དུ་ཕེབས་མིན་སོགས་ཀྱི་སྐོར་དུས་བསྟུན་བཀའ་སློབ་ཡང་ཡང་གནང་ཡོད་རེད༎