རྒྱ་ནག་དང་ཕེ་རན་སིིའི་འབྲེལ་ལམ་ཉམས་གསོ་འབྱུང་ཐབས།
2009.02.10
༄༅༎བོད་ཀྱི་གནད་དོན་གྱི་རྐྱེན་པས་རྒྱ་ནག་དང་ཕེ་རན་སིའི་དབར་གྱི་འབྲེལ་ལམ་ལ་དོ་ཕོག་བྱུང་ཞིང་ཕེ་རན་སིའི་སྲིད་བློན་ཟུར་པ་ཇོན་པིཡེར་ར་ཕ་རིན་རྒྱ་ནག་ཏུ་འཚམས་གཟིགས་སུ་ཕེབས་པ་དེས་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཉམས་གསོ་འབྱུང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་ལུགས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་བརྗོད་འདུག
སྐུ་ཞབས་ར་ཕེ་རིན་གཟའ་ཉི་མའི་ཉིན་རྒྱ་ནག་ཏུ་གཟའ་འཁོར་གཅིག་རིང་གི་འཚམས་གཟིགས་ཆེད་ཕེབས་འབྱོར་བྱུང་བ་དང་ཁོང་གི་ལས་དོན་གཙོ་བོ་ནི་ཟླ་བ་གཉིས་ཙམ་གོང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་རྗེས་རྒྱ་ནག་གི་ངོས་ནས་ཕེ་རན་སི་དང་འབྲེལ་བ་ཇེ་སྡུག་ཏུ་བཏང་པ་དེ་ཉམས་གསོ་གནང་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་མ་ཇིཡང་ཡུས་ད་ལྟའི་གནས་སྟངས་འདིའི་འོག་འཚམས་གཟིགས་དེས་ང་ཚོ་ཡུལ་གྲུ་གཉིས་དབར་གྱི་ཤེས་རྟོགས་གོང་འཕེལ་འགྲོ་རྒྱུ་དང་རྒྱ་ནག་དང་ཕེ་རན་སིའི་མི་དམངས་དབར་གྱི་འབྲེལ་ལམ་ཇེ་འཕེལ་དུ་འགྲོ་བར་ཕན་ཐོགས་ཡོང་རྒྱུར་ང་ཚོས་ཡིད་ཆེས་བྱེད་ཀྱི་ཡོད་ཅེས་དང་རྒྱ་ནག་གི་ངོས་ནས་ཕེ་རན་སིའི་འབྲེལ་ལམ་དེ་རིན་ཐང་ཆེན་པོ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བརྗོད་འདུག
ཕྱི་ཟླ་བཅུ་གཉིས་པའི་ནང་ཕེ་རན་སིའི་སྲིད་འཛིན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་མ་ཞུས་སྔོན་རྒྱ་ནག་གཞུང་གིས་མཇལ་འཕྲད་དེ་འགོག་ཐབས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བར་དོན་འབྲེས་མ་སོན་པར་སྲིད་འཛིན་སར་ཀོ་ཛིས་ཡོ་རོབ་ཀྱི་ཡུལ་གྲུ་པོའོ་ལེནདྲ་གྱི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུས་ཤིང་རྒྱ་ནག་གིས་ཧ་ཅང་ཁོང་ཁྲོ་ཆེན་པོ་བྱས་སྟེ་ཕྱི་ཟླ་བཅིུས་པའི་ཚེས་གཅིག་ཉིན་ཚུགས་གཏན་འཁེལ་བའི་ཡོ་རོབ་དང་རྒྱ་ནག་དབར་གྱི་ཆེས་མཐོའི་ལྷན་ཚོགས་དེ་ཕྱིར་འགྱངས་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། སྐབས་དེར་ཕེ་རན་སི་ཡོ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡིན་པ་རེད།
གཟའ་མིག་དམར་ཉིན་ཕེ་རན་སིའི་སྲིད་བློན་ཟུར་པ་ར་ཕེ་རིན་གྱིས་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་དང་མཇལ་འཕྲད་གནང་ཡོད་འདུག