ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཆེས་མཐོའི་ལྷན་ཚོགས་སྐོར།

རྒྱ་ནག་གཞུང་གིས་ཡོ་རོབ་ཀྱི་ཡུལ་གྲུ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུས་ན་མི་འགྲིག་པའི་ཉེན་བརྡ་བཏང་ཡོད་པ་རེད།

2009.05.19

༄༅༎རེས་གཟའ་ལྷག་པའི་ཉིན་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པཱ་རག་ཏུ་ཚུགས་རྒྱུའི་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་གི་ཆེས་མཐོའི་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་མཉམ་ཞུགས་གནང་རྒྱུ་ཡིན་འདུག་ཅིང་འདི་ནི་པེ་ཅིང་གི་ངོས་ནས་ཡོ་རོབ་མཐུན་ཚོགས་དང་མཉམ་འབྲེལ་བྱ་རྒྱུའི་འདུན་པ་ཡོད་པ་མཚོན་པ་ཞིག་ཡིན་ལུགས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱས་ཡོད་པ་དང་དུས་མཚུངས་རྒྱ་ནག་གཞུང་གིས་ཡོ་རོབ་ཀྱི་ཡུལ་གྲུ་ཚོས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱབ་སྐྱོར་ཞུས་ན་མི་འགྲིག་པའི་ཉེན་བརྡ་བཏང་ཡོད་པ་རེད།

ཡོ་རོབ་དང་རྒྱ་ནག་གི་ལྷན་ཚོགས་དེའི་ཐོག་ཡོ་རོབ་མཐུན་ཚོགས་ཀྱི་རེས་མོས་ཚོགས་གཙོ་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྦཀ་ལེལྦ་ཀོ་ལོ་སི་དང་ཡོ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་སྡེ་ཚན་གྱི་ཚོགས་གཙོ་ཧོ་སེ་མེ་ནུའེལ་སྦ་རོ་སོ་དེ་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་སྤྱི་ཁྱབ་པ་ཧ་ལྦིཡེར་སོ་ལ་ན་བཅས་མཉམ་ཞུགས་གནང་རྒྱུ་ཡིན་པ་རེད། འཆར་གཞི་ལྟར་ན་ཡོ་རོབ་དང་རྒྱ་ནག་གི་ལྷན་ཚོགས་དེ་སྔ་ལོ་ཕྱི་ཟླ་བཅུ་གཉིས་པའི་ནང་ཚུགས་གཏན་འཁེལ་བ་ཞིག་ཡིན་ན་ཡང་སྐབས་དེ་དུས་ཀྱི་ཡོ་རོབ་མཐུན་ཚོགས་ཀྱི་ཟླ་དྲུག་རེས་མོས་ཀྱི་ཚོགས་གཙོ་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལསི་སར་ཀོ་ཛི་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུས་པར་རྒྱ་ནག་གཞུང་གིས་ངོ་རྒོལ་ཤུགས་ཆེ་བྱས་ཏེ་ཡོ་རོབ་དང་རྒྱ་ནག་གི་ལྷན་ཚོགས་འཕར་འགྱང་བྱ་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད།

རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མཱ་ཀྲའོ་ཤུས་ལྷན་ཚོགས་འདིའི་གོ་སྐབས་བླངས་ཏེ་རྒྱ་ནག་གི་ངོས་ནས་ཡོ་རོབ་མཐུན་ཚོགས་དང་མཉམ་འབྲེལ་གོང་མཐོར་གཏོང་རྒྱུའི་འདོད་པ་ཡོད་ཅེས་དང་སྲིད་བློན་ལྦན་ཅ་པའོ་ཆེས་མཐོའི་ལྷན་ཚོགས་ཐོག་ཕེབས་རྒྱུ་དེས་རྒྱ་ནག་གི་ངོས་ནས་ཁ་ཞེ་གཉིས་མེད་ཡིན་པ་དེ་མཚོན་ཐུབ་རྒྱུ་རེད་ཅེས་བརྗོད་འདུག

ད་དུང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་དེས་ཏཱ་ལའི་བླ་མས་རང་བཙན་རྩོད་ཀྱི་མེད་ལུག་ཇི་ཙམ་བརྗོད་ཀྱང་དོན་དུ་ཕྱི་རྒྱལ་ཡུལ་གྲུ་གང་སར་འགྲོ་བའི་དམིགས་ཡུལ་ངོ་མ་ནི་བོད་རང་བཙན་དྲིལ་བསྒྲགས་བྱ་རྒྱུ་དང་རྒྱ་ནག་དང་གྲོགས་པོའི་ཡུལ་གྲུ་ཁག་གི་འབྲེལ་ལམ་གཏོར་བཤིག་གཏོང་ཐབས་བྱ་རྒྱུ་དེ་རེད་ཅེས་དང་རྒྱ་ནག་གཞུང་གི་ངོས་ནས་ཏཱ་ལའི་བླ་མས་ཡུལ་གྲུ་ཇི་འདྲ་ཞིག་གི་ནང་དང་རྣམ་པ་ཇི་འདྲ་ཞིག་གི་ཐོག་ནས་ཁ་བྲལ་གྱི་ལས་འགུལ་སྤེལ་ཡང་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་ཡིན་ཞེས་འཆར་ཅན་གྱི་གཏམ་བཤད་དེ་རིགས་བརྗོད་ཡོད་པ་རེད།

ད་རེས་ཀྱི་ཡོ་རོབ་དང་རྒྱ་ནག་གི་ཆེས་མཐོའི་ལྷན་ཚོགས་དེའི་ཐོག་གོ་ལའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པ་ལས་སྐྱོབ་ཐབས་དང་འབྲེལ་བའི་མཉམ་འབྲེལ་གྱི་གྲོས་མཐུན་ཁག་གཅིག་ལ་མིང་རྟགས་དགོད་རྒྱུ་ཡིན་འདུག།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་དང་། ཡུ་གུར། འབར་མའི་སྐད་ཡིག་སྡེ་ཚན་གྱི་ལས་དོན་མཚམས་འཇོག་བྱེད་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ལོ་དགུའི་རིང་ཆུ་དང་གློག་གི་མཐུན་རྐྱེན་བཅད་པར་ཞུ་གཏུགས་བྱེད་མཁན་སྐལ་བཟང་ལགས་བཙོན་འཇུག་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎