རྒྱ་ནག་ཏུ་ཨི་ཇིབ་ཀྱི་གནས་ཚུལ་དྲ་ལམ་སྒོ་ཕྱེས་ཡོད་སྐོར།
2011.02.01
༄༅༎དཀྱིལ་ཤར་ཡུལ་གྲུ་ཨི་ཇིཔཏ་གྱི་ནང་མི་དམངས་སྒེར་ལངས་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པའི་སྐབས་འདིར་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་མང་དག་ཅིག་གི་ནང་ཨི་ཇིཔཏ་ནང་བྱུང་བཞིན་པའི་གནས་ཚུལ་བལྟ་མ་ཐུབ་པ་བཟོས་ཡོད་ན་ཡང་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་ཨིན་ཊར་དྲ་རྒྱའི་བརྒྱུད་ལམ་སྒོ་མོ་ཕྱེ་སྟེ་གནས་ཡོད་པ་འགྲེལ་བརྗོད་བྱས་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཧོང་ལེཡིས་ཨི་ཇིཔཏ་མི་དམངས་ཀྱིས་ཡུལ་དེའི་འདས་པའི་ལོ་སུམ་ཅུའི་རིང་གི་སྲིད་འཛིན་གནང་མཁན་ཧོསི་ནི་མུ་སྦ་རཀ་དགོངས་ཞུ་དགོས་རྒྱུར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བཞིན་པའི་གནས་ཚུལ་འདོན་སྤེལ་བྱ་རྒྱུར་ རྒྱ་ནག་གཞུང་ཕྱོགས་ནས་དགག་བྱ་སྟངས་འཛིན་བྱེད་ཀྱི་མེད་ལུགས་ཀྱང་བརྗོད་མེད་པ་རེད།
ཕེརནསི་གསར་ལས་ཁང་གིས་རྒྱ་ནག་གི་དྲ་རྒྱའི་བརྒྱུད་ལམ་ཆེ་ཤོས་sina.comགྱི་ཐོག་ཨི་ཇིཔཏ་གྱི་ནང་བྱུང་བཞིན་པའི་གནས་ཚུལ་མཐོང་རྒྱུ་མེད་པ་བརྗོད་འདུག་པར་མ་ཟད་དྲ་རྒྱ་གཞན་འགའ་ཤས་ཀྱི་ཐོག་ཨི་ཇིཔཏ་ཞེས་པའི་ཚིག་བཀོད་དེ་གནས་ཚུལ་འཚོལ་ཞིབ་བྱེད་སྐབས་ གནད་དོན་འདི་འབྲེལ་ཡོད་ཁྲིམས་དང་སྒྲིག་གཞི་ཆབ་སྲིད་སྒྲོམ་གཞིའི་ཐོག་ནས་བལྟ་ཀློག་མི་ཆོག་ཅེས་པའི་ལན་བརྡ་ཞིག་བྱུང་བཞིན་ཡོད་འདུག།
རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་ཨི་ཇིཔཏ་སྐོར་གནས་ཚུལ་སྤེལ་བ་དེའི་ནང་ཉེ་ཆར་གསར་དུ་འདེམས་བསྐོ་བྱུང་བའི་ཨི་ཇིཔཏ་གྱི་སྲིད་འཛིན་གཞོན་པ་ཨོ་མར་སུ་ལེ་མན་གྱིས་ཕྱོགས་འགལ་སྲིད་དོན་ཚོགས་པར་གྲོས་མོལ་བྱེད་འདོད་ཡོད་སྐོར་གྱི་གཏམ་བཤད་སྤེལ་བའི་གནས་ཚུལ་ལས་ མི་དམངས་ཀྱི་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་པའི་སྐོར་གང་ཡང་བཀོད་སྤེལ་བྱས་མེད་ཅིང་རྒྱ་ནག་གཞུང་གིས་རྣམ་ཀུན་ནས་ གཞུང་འཛིན་དམར་ཤོག་ཚོགས་པའི་དབང་འཛིན་གནད་དོན་ལ་ཤུགས་རྐྱེན་བཟོ་སྲིད་པའི་གནས་ཚུལ་བཀོད་སྤེལ་གྱི་ཐོག་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཨི་ཇིཔཏ་ནང་བྱུང་བཞིན་པའི་དྲག་ཟིང་གི་གནས་ཚུལ་ཁག་རིང་མིན་མེད་པར་གྱུར་སྟེ་བརྟན་ལྷིངས་སླར་གསོ་མགྱོགས་མྱུར་ཡོང་བའི་རེ་བ་ཡོད་ལུགས་ཙམ་ལས་གཞན་གཏམ་བཤད་གང་ཡང་བྱས་མེད་པ་རེད།