རྒྱ་ནག་གཞུང་གིས་ཀིརྟི་དགོན་པར་སྔར་བས་དམ་བསྒྲགས།
2011.09.27
༄༅༎ཁ་སང་ཕྱི་ཟླ་ ༩་ཚེས་ ༢༦ ཉིན་ མདོ་སྨད་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་པའི་དོན་རྐྱེན་བྱུང་རྗེས་ རྒྱ་ནག་གཞུང་གིས་འཕྲལ་མར་དགོན་པ་ནས་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་བཀག་པ་དང་ཁ་པར་གྱི་་བརྒྱུད་ལམ་བཀག་པ་སོགས་དམ་བསྒྲཌ་ཤུགས་ཆེ་བྱེད་བཞིན་ཡོད་པ་ ཕརནསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
ད་དུང་གནས་ཚུལ་བཀོད་པ་དེའི་ནང་ ཉེན་རྟོག་པས་ མི་དམངས་ཀྱི་ངོ་རྒོལ་དུས་ཟིང་འབྱུང་སྲིད་པའི་འཇིགས་སྣང་གིས་ རྔ་པ་རྫོང་གི་ནང་མི་དྲུག་ལས་མང་བ་དུས་གཅིག་ཏུ་འདུ་འཛོམས་བྱེད་འཇུག་གི་མེད་པ་དང་ ལག་ཐོགས་ཁ་པར་ཐོག་གི་ཐད་ཀར་ཡིག་འབྲེལ་བྱ་རྒྱུའི་མཐུན་རྐྱེན་ཡང་ཡོངས་སུ་མེད་པ་བཟོས་ཡོད་འདུག།
བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་ཁང་ནས་ཁ་སང་གནས་ཚུལ་སྤེལ་བར་གཞིགས་ན་ ཕྱི་ཟླ་ ༩ ཚེས་ ༢༦ གི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཙམ་ལ་ རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་སྐལ་བཟང་ལགས་དང་ བློ་བཟང་དཀོན་མཆོག་ལགས་གཉིས་ནས་རྔ་པ་རྫོང་གི་ཁྲོམས་གཞུང་དུ་ཐོན་ནས་༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་། བོད་ལ་ཆོས་དད་རང་དགོས་སོགས་ཀྱི་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་ ཁོང་གཉིས་ཀ་ལོ་བཅོ་བརྒྱད་ཙམ་ཡིན་ཞིང་ བློ་བཟང་སྐལ་བཟང་ལགས་ནི་ འདི་ལོ་ཕྱི་ ཟླ་གསུམ་པའི་ནང་སྐུ་ལུས་མེར་བསྲེགས་བཏང་སྟེ་རང་སྲོག་བློས་གཏོང་མཁན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ཀྱི་སྤུན་ཆུང་བ་ཡིན་འདུག།
ཕྷརནསི་གསར་ལས་ཁང་གིས་ རྔ་པའི་ཉེ་འཁོར་དུ་ཡོད་པའི་སྨན་སྦྱོར་ཁང་ཞིག་ཏུ་ཁ་པར་བཏང་སྟེ་གནས་ཚུལ་འདྲི་ཞིབ་བྱེད་སྐབས་ མི་ཞིག་གིས་ རྔ་པ་རྫོང་དུ་ཕར་འགྲོ་ཚུར་འོང་གི་འགྲོ་ལམ་ཡོངས་རྫོགས་བཀག་སྟེ་ ཉེན་རྟོག་པས་ཁེངས་ཡོད་པ་འགྲེལ་བརྗོད་བྱས་འདུག་ལ་ དེ་བཞིན་མི་དེས་རྔ་པ་རྫོང་ནང་ལག་ཐོགས་ཁ་པར་ཐོག་ཡིག་འབྲེལ་བྱེད་རྒྱུ་དང་ ཨིན་ཊར་དྲ་གནས་སོགས་ཡོངས་སུ་བཀག་ཡོད་པ་ཡང་བརྗོད་འདུག།
གཞི་རྐང་དགོན་པའི་ནང་གི་ལག་ཐོགས་ཁ་པར་ཐོག་དམ་བསྒྲཌ་ཟླ་བ་མང་པོའི་རིང་བྱེད་མུས་ཡིན་འདུག་པར་མ་ཟད་ ཨིན་ཊར་དྲ་རྒྱ་བེད་སྤྱོད་རྩ་བ་ནས་བྱེད་མི་ཆོག་པ་བཟོས་ཡོད་པ་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་ ཀ་ཉག་ཚེ་རིང་ལགས་ཀྱིས་གསུངས་བྱུང༌།
འདས་པའི་ཟླ་བ་འགའ་ཤས་ཀྱི་ནང་བོད་པའི་དགེ་འདུན་པ་བཞིས་རྒྱ་ནག་གཞུང་གིས་བོད་ཐོག་བཟུང་བའི་སྲིད་བྱུས་ལ་ངོ་རྒོལ་མཚོན་ཆེད་རང་ལུས་མེར་བསྲེགས་བཏང་ཡོད་པ་དང༌། དེ་ཡང་ཕྱི་ཟླ་གསུམ་པའི་ནང་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་ཕུན་ཚོགས་ལགས་དང་ དེ་རྗེས་ ཕྱི་ཟླ་བརྒྱད་པའི་ནང་ཁམས་དཀར་མཛེས་ཁུལ་གྱི་དགེ་འདུན་པ་ཚེ་དབང་ནོར་བུ་ལགས་ཀྱིས་སྐུ་ལུས་མེར་བསྲེགས་བཏང་སྟེ་རང་སྲོག་དོར་ཞིང་ དེ་ནས་ཁ་སང་གི་དོན་རྐྱེན་འདི་བྱུང་ཡོད་པ་རེད།
ཁ་སང་སྐུ་ལུས་ལ་མེར་བསྲེགས་བཏང་མཁན་བློ་བཟང་སྐལ་བཟང་ལགས་དང་ བློ་བཟང་དཀོན་མཆོག་ལགས་གཉིས་ཀྱི་གནས་སྟངས་ད་ལྟ་གསལ་ཁ་མེད་ལ་ ཐོག་མར་གནས་ཚུལ་གོ་ཐོས་ལྟར་ན་བློ་བཟང་སྐལ་བཟང་ལགས་སྐུ་ཚེ་མ་ཟིན་པའི་གནས་ཚུལ་ཐོན་ཡོད་ན་ཡང་ རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་རང་ལུས་མེར་བསྲེགས་བཏང་མཁན་གྱི་དགེ་འདུན་པ་གཉིས་ཀ་སྨན་ཁང་ཞིག་ཏུ་འོར་འདྲེན་བྱེད་ཐུབ་པ་བྱུང་སྟེ་ སོན་པོར་གནས་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད་པ་རེད།