འགྲོ་བ་མིའི་ཐོབ་ཐང་ཚོགས་པས་རྒྱ་ནག་ལ་སྐྱོན་བརྗོད།
2013.02.02
༄༅༎ཕྱི་ལོ་ ༢༠༡༣ ཟླ ༢ ཚེས་ ༡ ཉིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང༌།
ཉེ་ཆར་ཕྱི་ཟླ་ ༡ ཚེས་ ༣༡ ཉིན། རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེག་གཏོང་བའི་དོན་རྐྱེན་རྒྱུད་སྐུལ་བྱས་པའི་ཉེས་མིང་འོག བོད་མི་བློ་བཟང་དཀོན་མཆོག་ལ་ལོ་གཉིས་དུས་རྒྱང་རྗེས་སྲོག་ཐོག་དང༌། ཁོང་གི་ཚ་བོ་བློ་བཟང་ཚེ་རིང་ལ་ལོ་བཅུའི་དུས་བཀག་བཙོན་འཇུག་གི་ཁྲིམས་གཅོད་བྱས་པ་དེ་དག་ནི། ཁོང་གཉིས་རྒྱ་མིའི་བཙོན་ཁང་ནང་འདས་པའི་ཟླ་བ་ལྔ་རིང་དོ་དམ་བཀག་ཉར་འོག་བཞག་པའི་སྐབས་ངོས་ལེན་བྱས་པའི་ཚིག་ཐོག་གཞི་བཞག་པ་ཞིག་ཡིན་པའི་སྐོར་ཤོད་ཀྱི་ཡོད་ཀྱང༌། རྒྱ་མིའི་བཙོན་ཁང་ནང་བཙོན་པ་ཚོའི་ཐོག་རྡུག་སྦྱོང་མནར་གཅོད་དང༌། རྡིག་སྐུལ་གྱི་ཐོག་ནས་ནག་ཉེས་ངོས་ལེན་བྱེད་དུ་བཅུག་གི་ཡོད་པ་འགྲོ་བ་མིའི་ཐོབ་ཐང་བལྟ་རྟོགས་ཚོགས་པར་ཁུངས་བསྐྱེལ་ར་སྤྲོད་གསལ་པོ་ཐོབ་སོན་བྱུང་སྟབས། ད་ལམ་བོད་མི་དེ་དག་ལ་སྲོག་ཐོག་དང་དུས་བཀག་བཙོན་འཇུག་གི་ཉེས་ཆད་བཏང་བ་དེ་དག་ནི། བོད་མིའི་ངོ་རྒོལ་སྒེར་ལངས་ཀྱི་ལས་འགུལ་རྩ་མེད་བཟོ་ཐབས་སུ་ཉེས་མེད་ཉེས་འཛུགས་བྱས་པ་ཞིག་ཡིན་པ་ལས། དྲང་བདེན་གྱི་ཁྲིམས་བཤེར་ཤིག་ཆགས་ཀྱི་མེད་པར་བརྟེན། རྒྱ་ནག་གཞུང་གིས་བྱ་སྤྱོད་དེ་རིགས་མཚམས་འཇོག་བྱེད་དགོས་པ་མ་ཟད། དེ་ལས་བོད་མི་ཚོས་རང་ལུས་མེར་བསྲེག་གཏོང་དགོས་པའི་རྐྱེན་རྩ་ཇི་ཡིན་གསལ་རྟོག་ཐུབ་པ་བྱེད་དགོས་ཀྱི་རེད་ཅེས། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་རྒྱ་ནག་གནད་དོན་འགན་འཛིན་ Sophie Richardson གྱིས་གསུངས་འདུག།