རྒྱ་ནག་གཞུང་གིས་ཁྲིམས་རྩོད་ལས་ཁང་ཞིག་སྒོ་རྒྱབ་ཡོད་པ།
2009.03.19
༄༅༎རྒྱ་ནག་གཞུང་ལ་ཁ་གཏད་དང་རྩོད་གླེང་ཅན་གྱི་གྱོད་གཞི་ཁྲིམས་གཏུགས་བྱེད་མཁན་རྒྱ་ནག་གི་ཁྲིམས་རྩོད་ལས་ཁང་ཞིག་རྒྱ་ནག་གཞུང་གིས་སྒོ་རྒྱབ་རྒྱུའི་བཀོད་རྒྱ་བཏང་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་རེས་གཟའ་མིག་མར་ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཡོད་པའི་ཧའེ་ཏེན་རྫོང་གི་ཁྲིམས་ཞིབ་ལྷན་ཁང་གིས་རྒྱལ་ས་པེ་ཅིང་ནང་ཡོད་པའི་དབྱི་ཐུང་ཟེར་བའི་ཁྲིམས་རྩོད་ལས་ཁུངས་ཤིག་དུས་ཡུན་ཟླ་བ་དྲུག་རིང་སྒོ་རྒྱབ་དགོས་པ་མ་ཟད་ཁྲིམས་རྩོད་ལས་ཁུངས་ཐོག་ནས་ཁྲིམས་རྩོད་པ་ཡོངས་རྫོགས་ཀྱི་ལག་ཁྱེར་རྩིས་སྤྲོད་བྱ་དགོས་པའི་བཀོད་རྒྱ་བཏང་ཡོད་སྐོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་གསར་འགོད་གསལ་བསྒྲགས་བརྒྱུད་གནས་ཚུལ་ཕྱིར་བསྒྲགས་གནང་ཡོད་པ་རེད། དབྱི་ཐུང་ཁྲིམས་རྩོད་ལས་ཁུངས་སྒོ་རྒྱབ་ཏུ་བཅུག་པའི་རྒྱུ་མཚན་ནི་ཁྲིམས་རྩོད་ལས་ཁང་དེས་ལི་སུའུ་པིན་ཟེར་བའི་ཁྲིམས་རྩོད་པ་གཅིག་ལ་ལག་ཁྱེར་མེད་པར་ཁྲིམས་རྩོད་ལས་ཁང་དེའི་ནང་ལས་ཀ་སྤྲད་པའི་ནག་ཉེས་རྒྱུ་མཚན་བཤད་ཡོད་པ་རེད། ཡིན་ཡང་དོན་དངོས་ཐོག་དབྱི་ཐུང་ཁྲིམས་རྩོད་ལས་ཁུངས་སྒོ་རྒྱབ་ཏུ་བཅུགས་པ་དེ་སྔ་ལོ་ཉིས་སྟོང་བརྒྱད་ཀྱི་བཅའ་ཁྲིམས་ཡིག་ཆ་ཞེས་རྒྱ་ནག་ནང་དམངས་གཙོའི་རང་དབང་དང་བཅོས་བསྒྱུར་དགོས་གལ་སྐོར་རྒྱ་ནག་གི་ཆེད་ལས་མི་སྣ་མང་པོས་རྒྱ་ནག་གཞུང་ལ་ཞུ་གཏུགས་ཀྱི་སྙན་ཞུ་ཕུལ་ཡོད་པ་དེའི་ནང་མཚན་རྟགས་བཀོད་མཁན་ཁོངས་སུ་དབྱི་ཐུང་ཁྲིམས་རྩོད་ལས་ཁུངས་ཀྱི་ཁྲིམས་རྩོད་མི་སྣ་དགའ་ཤས་ཀྱང་ཡོད་པར་སོང་རྒྱ་ནག་གཞུང་གི་ཉེས་ཆད་ཀྱི་ཚུལ་དུ་ཁྲིམས་རྩོད་ལས་ཁུངས་སྒོ་རྒྱབ་ཏུ་བཅུག་པ་ཡིན་སྐོར་དབྱི་ཐུང་ཁྲིམས་རྩོད་ལས་ཁུངས་ཀྱི་ཁྲིམས་རྩོད་པ་ཁག་ཅིག་ནས་འགྲེལ་བརྗོད་གནང་བཞིན་ཡོད་པའི་གནས་ཚུལ་ལུང་འདྲེན་གནང་འདུག གང་ལྟར་ད་རེས་རྒྱ་ནག་གཞུང་གི་བཀོད་ཁྱབ་གཞིར་བཟུང་ལྟར་ན་དབྱི་ཐུང་ཁྲིམས་རྩོད་ལས་ཁུངས་དེ་ཕྱི་ཟླ་གསུམ་པའི་ཚེས་བཅུ་གསུམ་ཉིན་དངོས་སུ་ཁྲིམས་རྩོད་ཀྱི་ལས་མཚམས་བཞག་སྟེ་ཕྱི་ཟླ་དགུ་པའི་ཚེས་བཅུ་གཉིས་བར་ལས་ཁུངས་སྒོ་རྒྱབ་དགོས་དང་ཟླ་བ་དྲུག་རིང་གི་དུས་ཚོད་ཚང་རྗེས་སླར་ཡང་ལས་ཁུངས་སྒོ་ཕྱེ་ཆོག་པའི་སྙན་ཞུ་རྒྱབ་དགོས་པ་མ་ཟད་ལས་ཁུངས་སྒོ་མ་ཕྱེ་གོང་ས་གནས་ཁྲིམས་ཞིབ་ལྷན་ཁང་གིས་ཞིབ་འཇུག་བྱ་རྒྱུ་བཅས་བཀོད་རྒྱའི་ནང་གསལ་ཡོད་པ་རེད༎