རྒྱ་ནག་གཞུང་གིས་བོད་ནང་ལྕགས་ལམ་གཉིས་པ་བཟོ་བཞིན་འདུག
2017.07.05
རྒྱ་ནག་གཞུང་གིས་བོད་ནང་མེ་འཁོར་ལྕགས་ལམ་གཉིས་པ་བཟོ་བསྐྲུན་ཐད་ཀྱི་ལས་དོན་འགོ་འཛུགས་བྱས་ཡོད་འདུག
དེ་ཡང་ཨེ་པི་གསར་སྤེལ་ཁང་གིས་པེ་ཅིན་ནས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་འབྲེལ་གསར་འགྱུར་ནང་བརྗོད་པ་ལུང་འདྲེན་ རྒྱ་ནག་གིས་བོད་ནང་འཛུགས་བསྐྲུན་བྱེད་འཆར་གྱི་མེ་འཁོར་ལྕགས་ལམ་གཉིས་པའི་ལས་གཞི་དེ་འགོ་འཛུགས་བྱས་ཡོད་པ་དང་། དེ་ནི་བོད་མཐོ་སྒང་གི་རི་རྒྱུད་མང་པོ་བརྒལ་དགོས་ཀྱི་ཡོད་ཚུལ་དང་། བོད་ནང་འཛུགས་བསྐྲུན་བྱེད་འཆར་གྱི་མེ་འཁོར་ལྕགས་ལམ་གཉིས་བ་དེ་རྒྱ་ནག་སི་ཁྲོན་ཞིང་ཆེན་གྱི་ཁྲིན་ཏུའུ་གྲོང་ཁྱེར་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གྱི་ལས་གཞི་ཡིན་འདུག་ཅིང་། གནས་སྟངས་ལ་རྟོག་ཞིབ་བྱས་པ་ལས་བརྗོད་ན། ལས་གཞི་དེའི་བཟོ་བསྐྲུན་གྱི་དུས་སུ་དཀའ་ངལ་ཆེ་ཤོས་དེ་སི་ཁྲོན་ཁོངས་གཏོགས་ཀྱི་དར་རྩེ་མདོ་ནས་བོད་རང་སྐྱོང་ལྗོངས་ཁོངས་ཀྱི་ཉིང་ཁྲིའི་བར་གྱི་རི་རྒྱུད་ས་ཁུལ་ཡིན་ཞིང་། འདིའི་བར་རོལ་གྱི་ལས་གཞི་དེ་ད་དུང་འཆར་འགོད་བྱེད་བཞིན་པའི་སྒང་ཡིན་འདུག་པ་དང་། གལ་ཏེ་ལས་གཞི་འགོ་བཙུགས་པ་ཡིན་ན་ལེགས་འགྲུབ་བྱེད་པར་ཧ་ལམ་དུས་ཡུན་ལོ་བདུན་ཙམ་འགོར་རྒྱུའི་ཚོད་དཔག་བྱེད་བཞིན་པ་རེད། བོད་ནང་བཟོ་བསྐྲུན་གྱི་མེ་འཁོར་ལྕགས་ལམ་གཉིས་བའི་ལས་གཞི་འདི་ཡོངས་སུ་འགྲུབ་པ་ཡིན་ན་རིང་ཚད་ལ་སྤྱི་ལེ་ཆིག་སྟོང་བདུན་བརྒྱ་ཡོད་པ་དང་། དེའི་ཁྲོད་བརྒྱ་ཆའི་བརྒྱད་ཅུ་ནི་ཕུག་ལམ་དང་ཟམ་པ་ལས་གྲུབ་རྒྱུ་དང་། སྤྱིའི་མ་དངུལ་ཨ་སྒོར་ཐེར་འབུམ་༣༧་གྱི་འགྲོ་གྲོན་ཡིན་པར་ཚོད་རྩིས་བྱེད་བཞིན་ཡོད།
དེ་མིན་མཚོ་སྔོན་གྱི་ན་གོར་མོ་གྲོང་ཁྱེར་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་གྱི་མེ་འཁོར་ལྕགས་ལམ་སྟེ་མདོ་དབུས་ལྕགས་ལམ་ཞེས་འབོད་པ་དེ་སྤྱི་ལོ་༢༠༠༦་ལོར་ཤར་གཏོང་བྱས་ཡོད་པ་རེད།
གསར་འགོད་པ་ལྕགས་མོ་འཚོ།