རྒྱ་ནག་གིས་༧གོང་ས་མཆོག་གི་ཡང་སྲིད་བློས་མི་གཏོང་ཟེར།
2015.11.30
རྒྱ་ནག་གི་ངོས་ནས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་ལས་དོན་ཐོག་བློས་གཏོང་ནམ་ཡང་བྱེད་རྒྱུ་མིན་པ་ཟེར།
དེ་ཡང་རྒྱ་ནག་གི་གྲོས་ཚོགས་ལ་སློབ་སྟོན་གྱི་ལས་འགན་ཡོད་པའི་གྲངས་ཉུང་མི་རིགས་དང་། ཆོས་དོན་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཀྲུའུ་ཝེ་ཆོན་གྱིས། རྒྱ་ནག་གི་གཞུང་འབྲེལ་ The Global Timesགསར་ཤོག་ནང་རྩོམ་བྲིས་ཤིག་སྤེལ་བའི་ནང་། ཁ་བྲལ་ལ་ངོ་རྒོལ་གྱི་ལས་དོན་ནང་རྒྱལ་ཁ་ཐོབ་རྒྱུའི་འགན་སྲུང་གི་ཆེད་དུ་ཏཱ་ལའི་བླ་མའི་སྐུའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་ལས་དོན་ཐོག་བློས་གཏོང་ནམ་ཡང་བྱེད་རྒྱུ་མིན་པར་ཡང་སྲིད་ངོས་འཛིན་བྱེད་རྒྱུ་ཡིན་པ་དང་། རྒྱ་ནག་གི་ངོས་འཛིན་གྱི་སྲོལ་རྒྱུན་དེ་མུ་མཐུད་དགོས་པ་དང་། ཡང་སྲིད་དེ་རྒྱ་ནག་གིས་བཀའ་ཁྲོལ་སྤྲོད་དགོས་པའི་སྐོར་ནན་སྐུལ་བྱས་འདུག
ཁོས་མུ་མཐུད་དུ། རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་མཆོག་གིས་ཡང་སྲིད་བློས་གཏོང་གནང་རྒྱུའི་ཐོབ་ཐང་མེད་པའི་སྐོར་དང་། ལྷག་དོན་དུ་ཏཱ་ལའི་བླ་མ་ནི་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་ཞིག་ཡིན་དུས་ཏཱ་ལའི་བླ་མ་ངོས་འཛིན་སུས་གནང་བ་ཡིན་ན་དེས་བོད་ཀྱི་ཆབ་སྲིད་ཀྱི་སྐུ་དབང་འཛིན་གྱི་ཡོད་པ་དང་། རྒྱ་ནག་གིས་ངོས་་འཛིན་བྱེད་རྒྱུ་དེ་བོད་ཀྱི་ཐོག་བདག་དབང་ཡོད་པ་དེ་མཚོན་གྱི་ཡོད་པའི་སྐོར་རྩོམ་བྲིས་དེའི་ནང་བཀོད་འདུག
འོན་ཀྱང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་ཕེབས་དགོས་མིན་དེ་རྒྱ་ཆེ་བོད་མི་རྣམས་ཀྱིས་ཐག་གཅོད་གནང་རྒྱུའི་སྐུ་དབང་ཡོད་པ་དང་། ལྷག་དོན་དུ་གལ་ཏེ་ཡང་སྲིད་ཕེབས་པ་ཡིན་ནའི་རང་དབང་ལྡན་པའི་རྒྱལ་ཁབ་གཅིག་གི་ནང་དུ་ཕེབས་རྒྱུ་ཡིན་པ་དང་། གལ་ཏེ་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་པ་ཕེབས་དགོས་པའི་རྒྱུ་མཚན་མ་གཟིགས་ན་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་འདི་མཐའ་མ་ཡིན་སྲིད་པའི་སྐོར་ཡང་བཀའ་གནང་མྱོང་ཡོད་པ་རེད།
གསར་འགོད་པ་ཀརྨ་རྡོ་རྗེ།