རྒྱ་ནག་གཞུང་གིས་བོད་ནང་སྔར་བས་དམ་བསྒྲགས་བྱེད་པ།
2009.01.09
༄༅༎ན་ནིང་ཕྱི་ཟླ་གསུམ་པའི་ཚེས་བཅུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ནས་འགོ་བཙུགས་ཏེ་བོད་ཀྱི་རྒྱལ་ས་ལྷ་ས་གཙོ་བོར་གྱུར་བའི་བོད་ཆོ་ཁ་གསུམ་ནང་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བ་ནས་བཟུང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱ་སྤྱོད་ལག་བསྟར་བྱས་པ་མ་ཟད་ད་དུང་བོད་ཀྱི་ས་ཁུལ་ནང་དམག་དཔུང་འགྲེམས་འཇོག་གིས་བོད་མིའི་ཐོག་སྔར་བས་དམ་བསྒྲགས་ཆེ་རུ་བཏང་ཡོད་པ་རེད།
དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་གཏན་སྡོད་གནང་མཁན་བོད་མི་མཚན་གསུང་འདོད་མེད་པ་ཞིག་གིས་ཨེལ་ཇ་ཛི་ར་ཞེས་པའི་གསར་འགྱུར་ལས་ཁང་གི་གསར་འགོད་པར་ལྷ་ས་གྲོང་ཁྱེར་ནང་གི་གནས་སྟངས་ནི་ཧ་ཅང་གི་སྡུག་པོ་ཡོད་པ་དང་གྲོང་ཁྱེར་གྱི་ས་ཕྱོགས་གང་སར་གོ་མཚོན་ཐོགས་པའི་དམག་མི་འགྲེམས་འཇོག་བྱས་པ་མཐོང་རྒྱུ་ཡོད་ཅིང་བོད་ཀྱི་ས་ཕྱོགས་ཁག་ནས་ལྷ་སའི་ནང་གནས་མཇལ་དུ་སླེབས་པ་རྣམས་རུབ་རུབ་བཟོས་ཏེ་བོད་ཀྱི་ས་ཁུལ་གང་ནས་ཡོང་བ་དེར་ཕྱིར་ལོག་བྱེད་ཀྱི་ཡོད་པའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད། གནས་ཚུལ་དབྱེ་ཞིབ་པ་ཚོས་གསུང་ན་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ནང་མུ་མཐུད་དེ་དམ་བསྒྲགས་ཆེ་རུ་བཏང་བ་དེ་ནི་རྒྱ་ནག་གཞུང་ཕྱོགས་ནས་འདི་ལོ་བོད་ནང་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་རྒྱུར་བློ་འཚབ་ཡོད་པའི་དཔངས་རྟགས་ཤིག་ཡིན་པ་གསུང་གི་ཡོད་པ་རེད། བར་ལམ་བོད་ཆོལ་ཁ་གསུམ་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་ཏེ་ཟླ་བ་བརྒྱད་ཙམ་འགྲོ་གི་ཡོད་པ་དང་མུ་མཐུད་བོད་མིའི་ཐོག་དམ་བསྒྲགས་ཡོད་མུས་ཐོག་བོད་ཀྱི་ས་ཁུལ་མང་པོ་ཞིག་ནང་ཕྱི་རྒྱལ་བ་འགྲོ་བསྐྱོད་མི་ཆོག་པའི་བཀག་འགོག་ཡོད་པ་མ་ཟད་ལྷག་པར་དུ་ཕྱི་ཟླ་གསུམ་པ་ནས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་བ་སྤེལ་ཡུལ་གྱི་ས་ཁུལ་ཁག་ནང་རྒྱུན་དུ་ནས་དྲག་ཆས་དམག་མི་འགྲེམས་འཇོག་བྱས་ཡོད་པ་རེད། འདི་ལོའི་ཕྱི་ཟླ་གསུམ་པའི་ཚེས་བཅུ་ཉིན་མོ་དེ་ནི་རྒྱ་ནག་གཞུང་གིས་བོད་ཐོག་བཙན་འཛུལ་བྱས་ཏེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུས་པའི་བོད་མི་མང་པོ་ཞིག་བཙན་བྱོལ་དུ་ཕེབས་དགོས་བྱུང་སྟེ་མི་ལོ་ལྔ་ཅུ་འཁོར་བའི་དུས་དྲན་གྱི་ལོ་ཞིག་ཡིན་པ་དང་བོད་མི་དང་བོད་ཀྱི་མཁས་དབང་ཚོས་བོད་ནང་རྒྱ་ནག་གཞུང་གིས་མུ་མཐུད་དམ་བསྒྲགས་བྱས་པ་དེ་ནི་ན་ནིང་ཕྱི་ཟླ་གསུམ་པའི་ནང་གི་དོན་རྐྱེན་ལྟར་བསྐྱར་ཏུ་ངོ་རྒོལ་བྱ་རྒྱུ་འགོག་ཐབས་ཀྱི་བྱ་ཐབས་འཛིན་པ་ཞིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།