ནང་སོག་ཐོབ་ཐང་རྩོད་ལེན་པ་ཕྱི་རྒྱལ་དུ་བསྐྱོད་རྒྱུར་བཀག་སྡོམ།
2010.04.26
༄༅༎རྒྱ་ནག་གཞུང་གིས་ནང་སོག་གི་ཐོབ་ཐང་རྩོད་ལེན་པ་ཕྱི་རྒྱལ་དུ་ཕེབས་རྒྱུར་བཀག་སྡོམ་བྱས་ཡོད་པ་རེད་
ནང་སོག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་གནང་མཁན་སོརྡ་མོང་གོལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཡུལ་དེ་རང་གི་གླེང་སྟེགས་ཞེས་པའི་ལྷན་ཚོགས་ཐོག་གདན་ཞུ་གནང་ཏེ་ ཕྱི་ཟླ་བཞི་པའི་ཚེས་༡༨ཉིན་པེ་ཅིན་གནམ་ཐང་ནས་ཕྱིར་ཐོན་བྱ་རྒྱུར་རྒྱ་ནག་གཞུང་ཕྱོགས་ནས་བཀག་སྡོམ་བྱས་ཡོད་པ་ཨ་རིའི་ནང་རྟེན་གཞི་བྱས་པའི་ལྷོ་ཕྱོགས་སོག་པོའི་འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་ཞེས་པའི་འགྲེལ་བརྗོད་གནང་འདུག
རྒྱ་ནག་གཞུང་གིས་ནང་སོག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་ཁོང་ཕྱིར་བསྐྱོད་རྒྱུར་བཀག་སྡོམ་བྱས་པས་མ་ཟད་ ཁོང་གནས་སྡོད་བྱེད་སའི་རྒྱ་ནག་ལེའི་ཉིང་གི་ཁྲོའོ་ཡང་གི་ཁང་པའི་ནང་བསྔོག་བཤེར་བྱས་ནས་ གློག་ལས་འཕྲུལ་ཆས་སོགས་བཅའ་དངོས་ཁག་ཅིག་འཁྱེར་ཡོད་པ་རེད་ འགྲོ་བ་མིའི་ཐོབ་ཐང་ལྟེ་གནས་ཁང་དེས་ཕྱིར་བསྒྲགས་བྱས་པའི་གནས་ཚུལ་ནང་འཁོད་པར་གཞིགས་ན་ ནང་སོག་གི་ཐོབ་ཐང་རྩོད་ལེན་པ་སོརྡ་མོང་གོལ་ཡིས་རྒྱ་ནག་ནང་སོག་པའི་སྐད་ཡིག་ཐོག་ནས་དྲ་རྒྱའི་ཐོག་རྒྱ་ནག་གཞུང་གིས་བརྗོད་པའི་སེམས་ཚོར་རྣོ་བའི་བརྗོད་གཞི་ཞེས་པའི་ཐོག་གླེང་སྟེགས་ཤིག་བཙུགས་ནས་རྒྱ་ནག་ནང་དང་ནང་སོག་ནང་གི་སློབ་ཕྲུག་ཁག་ཅིག་གིས་ནང་སོག་མི་མང་གི་ཐོབ་ཐང་སོགས་ཀྱི་སྐོར་ལ་ཕན་ཚུན་གླེང་མོལ་གནང་གི་ཡོད་པར་བརྟེན་ནས་རྒྱ་ནག་གཞུང་གིས་ཁོང་ལ་དོགས་གཞི་དང་ལྐོག་བལྟ་བྱེད་མཁན་ཡོད་མུས་ཡིན་པའི་སྐོར་འཁོད་འདུག རོའུ་ཀྲར་གསར་འགྱུར་བརྒྱུད་ལམ་གྱིས་གནད་དོན་དེའི་སྐོར་འབྲེལ་ཡོད་རྒྱ་ནག་གི་ལས་ཁང་ལ་སྐད་ཆ་འདྲི་དུས་གནས་ཚུལ་དེ་རིགས་ཤེས་རྟོགས་མེད་ལུགས་ཀྱི་ལན་འདེབས་བྱས་པ་གནས་ཚུལ་ནང་འཁོད་འདུག