ལྷ་ཐོག་གི་རྟ་རྒྱུག་བཀག་འགོག་དང་མི་གཉིས་འཛིན་བཟུང་བྱས་འདུག
2017.03.22
རྒྱ་ནག་གཞུང་གིས་ཆབ་མདོ་ལྷ་ཐོག་གི་རྟ་རྒྱུག་བཀག་འགོག་གིས་གོ་སྒྲིག་བྱེད་མཁན་གྲས་མི་གཉིས་འཛིན་བཟུང་བྱས་འདུག
དེ་ཡང་གནས་ཚུལ་ལྟར་ན། བོད་ཤར་ཕྱོགས་ཆབ་མདོ་ལྷ་ཐོག་ཡུལ་ཚོ་ནས་ཟླ་བ་གཉིས་ཙམ་ཀྱི་གོང་རྟ་རྒྱུག་འགྲན་བསྡུར་ཞིག་ཚོགས་རྒྱུའི་གྲ་སྒྲིག་བྱས་པར་རྒྱ་ནག་གཞུང་གིས་ཚོགས་བཅུག་མེད་པ་མ་ཟད། སྐད་འཕྲིན་ཚོགས་པ་ཞིག་བརྒྱུད་ནས་རྟ་རྒྱུག་དེའི་སྐོར་གོ་སྒྲིག་བྱེད་མཁན་མི་གཉིས་གཟའ་འཁོར་གཅིག་ལྷག་གི་སྔོན་འཛིན་བཟུང་བྱས་རྗེས། ད་ཆ་མི་གཅིག་གློད་གྲོལ་བཏང་ཡོད་ནའང་། མི་གཞན་དེ་གར་ཡོད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད་འདུག
དེའི་ཐད་འདི་ག་རླུང་འཕྲིན་ཁང་གིས་གནས་ཚུལ་རྩད་གཅོད་བྱས་སྐབས་བཞུགས་སྒར་རྡ་རམ་ས་ལར་གནས་ཞུགས་ཆབ་མདོ་ལྷ་ཐོག་ནས་ཡིན་པ་སྙིང་མིག་ལགས་ཀྱི་ཞུ་བ་ཞིག་གིས། གནས་ཚུལ་དེ་བདེན་པ་ཡིན་པ་དང་། དཀའ་ངལ་འཕྲད་པའི་བོད་མི་དེ་གཉིས་ཀ་ལོ་ཆུང་ཆུང་ཡིན་པ། ཁོང་གཉིས་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གི་སྐུ་འཁྲུངས་ཡུལ་གྱི་ས་གནས་དེ་རང་ནས་ཡིན་སྐོར་ངོ་སྤྲོད་གནང་འདུག
ད་དུང་ཁོང་གིས། རྟ་རྒྱུག་འགྲན་བསྡུར་ནི་བོད་ཀྱི་སྲོལ་རྒྱུན་གྱི་རིག་གནས་ཞིག་ཡིན་པ་ཙམ་དུ་མ་ཟད། རྟ་རྒྱུགས་འགྲན་བསྡུར་ཀྱིས་བྱ་དགའ་ཐོབ་པ་གཞིར་བཟུང་། རྟའི་རིན་གོང་ཡང་མཐོ་པོ་ཆགས་ཀྱི་ཡོད་པས། ལྷ་ཐོག་ཡུལ་ཚོའི་མི་དམངས་ཚོས་མི་གཅིག་གིས་རྟ་གཅིག་ལ་རྒྱ་སྒོར་ཁྲི་བཅུ་ནས་བཅོ་ལྔ་བར་བྱས་ནས་ཉོ་མ་ཐུབ་ན་ཡང་། མི་ཁ་ཤས་མཉམ་རུབ་ཀྱིས་ཉོས་ནས་དཔལ་འབྱོར་གྱི་ཁེ་ཕན་ཡོང་ཐབས་སོགས་ལ་དམིགས་ནས་ཆབ་མདོ་ལྷ་ཐོག་ཡུལ་ཚོར་རྟ་རྒྱུག་འགྲན་བསྡུར་དེ་ཚོགས་རྒྱུའི་བསམ་ཚུལ་སླེབས་པ་ངོ་སྤྲོད་གནང་ཡོད་པ་རེད།
གསར་འགོད་པ་བསོད་ནམས་ལྷ་མོ།