རྒྱ་ནག་གཞུང་གིས་ཕེ་རན་སི་གཞུང་ལ་སྐྱོན་བརྗོད་བྱས་ཡོད་པ།
2009.06.08
༄༅༎བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕེ་རན་སི་རྒྱལ་ས་ཕད་རི་སི་གྲོང་ཁྱེར་གྱི་ཆབ་འབངས་ཀྱི་མཚན་གནས་ཕུལ་བར་རྒྱ་ནག་གིས་སྐྱོན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག
ཕེ་རན་སི་རྒྱལ་སའི་འགན་འཛིན་ལྷན་ཚོགས་ཀྱིས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་གསུམ་པའི་ནང་གྲོས་ཆོད་བཞག་གནང་མཛད་པ་ལྟར་༸གོང་ས༸སྐྱབས་མགོན་ཆེན་པོ་མཆོག་ལ་རེས་གཟའ་ཉི་མའི་ཉིན་རྒྱལ་སའི་གྲོང་ཁྱེར་ཕད་རི་སིའི་ཆབ་འབངས་ཀྱི་མཚན་གནས་ཆེས་བསྟོད་ཀྱི་གཟེངས་རྟགས་ཕུལ་གནང་ཡོད་ཅིང་སྐབས་དེར་ཕད་རི་སི་གྲོང་ཁྱེར་གྱི་སྤྱི་ཁྱབ་དབུ་ཁྲིད་སྦར་ཊན་ཌེ་ལ་ནོ་མཆོག་གིས་གྲོས་མོལ་དང་ཞི་བའི་ཐོག་ནས་བོད་ཀྱི་དཀའ་རྙོག་སེལ་རྒྱུའི་བཞེངས་ཕྱོགས་འཛིན་པ་དང་ཁོང་ཉིད་ཀྱི་ཕུལ་བྱུང་གི་ཡོན་ཏན་རྣམས་ལ་ངོས་འཛིན་གྱི་གཟེངས་རྟགས་ཤིག་ཡིན་པའི་སྐོར་༸གོང་ས་མཆོག་ལ་གྲོང་ཁྱེར་གྱི་ཆབ་འབངས་ཀྱི་མཚན་གནས་ཀྱི་གཟེངས་རྟགས་ཕུལ་བའི་སྐབས་བཀའ་གནང་འདུག ༸གོང་ས་མཆོག་ལ་མཚན་གནས་ཕུལ་ནས་ཉིན་གཅིག་གི་རྗེས་རེས་གཟའ་ཟླ་བའི་ཉིན་ཕྱི་སྲིད་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཕད་རི་སི་གྲོང་ཁྱེར་གྱི་དབུ་ཁྲིད་རྣམས་ཀྱིས་རྒྱ་ནག་གི་ནང་སྲིད་ཐོག་ཚབས་ཆེའི་ཐེ་བྱུས་བྱས་པ་དང་ཕད་རི་སི་གྲོང་ཁྱེར་དང་རྒྱ་ནག་གི་འབྲེལ་ཡོད་གྲོང་ཁྱེར་དབར་གྱི་འབྲེལ་ལམ་ཐོག་གནོད་འཚེ་ཆེན་པོ་བཟོས་པ་དང་ཕེ་རན་སི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐོག་ཚབས་ཆེའི་ཐེ་བྱུས་བྱས་ཡོད་པའི་སྐྱོན་བརྗོད་བྱས་ཡོད་འདུག རྒྱ་ནག་གིས་ཕྱི་ཟླ་ལྔ་པའི་ནང་དུ་ཕད་རི་སི་གྲོང་ཁྱེར་ལ་སྔ་ས་ནས་ཉེན་བརྡ་བཏང་ཡོད་ཀྱང་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལསེ་སར་ཀོ་ཛི་མཆོག་གིས་ཕེ་རན་སིའི་གྲོང་ཁྱེར་འགན་འཛིན་ལྷན་ཚོགས་གཅིག་གི་ཐག་ཆོད་ཡིན་པ་ལས་རྒྱལ་ཁབ་གཅིག་གི་ཐག་ཆོད་མིན་པའི་དགོངས་ཚུལ་བཏོན་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག།