རྒྱ་ནག་གི་ཞིང་པར་ས་ཞིང་བདག་སྐྱོང་དབང་ཆ་ཆེ་ཙམ་སྤྲོད་འཆར།

རྒྱ་ནག་གཞུང་གིས་ཞིང་པ་ཚོར་ས་ཞིང་ཉོ་ཚོང་སོགས་རང་མོས་བྱེད་ཆོག་པའི་རང་དབང་ཆེ་ཙམ་གནང་རྒྱུ་རྒྱ་ནག་གི་སྲིད་འཛིན་ནས་གསུང་བཞག

2008.10.02

༄༅༎རྒྱ་ནག་གཞུང་གིས་ཞིང་པའི་ས་ཁང་འཛིན་སྐྱོངས་ཀྱི་ལམ་ལུགས་ལ་འགྱུར་བ་གནང་སྟེ་ཞིང་པ་ཚོར་བོགས་མར་གནང་བའི་ས་ཆའི་ཐོག་ཞིང་ལས་འདེབས་ལས་ཙམ་མ་ཡིན་པར་ བེད་སྤྱོད་གཞན་གང་བྱེད་ཀྱང་བྱེད་ཆོག་པ་དང་ དེ་བཞིན་ཉོ་ཚོང་སོགས་རང་མོས་བྱེད་ཆོག་པའི་རང་དབང་ཆེ་ཙམ་གནང་རྒྱུ་ཡིན་ལུགས་ རྒྱ་ནག་གི་སྲིད་འཛིན་ཧུ་ཅིན་ཏའོས་གསུང་བཞག

ཕྱི་ལོ་༢༠༠༦ལོར་མི་འབོར་ཞིབ་འཇུག་བསྡོམས་རྩིས་གནང་བའི་སྙན་ཐོ་གཞིར་བཟུང་བྱས་ན་ རྒྱ་ནག་གི་གྲོང་གསེབ་ཁག་ནང་ཞིང་པ་ས་ཡ་ཉི་བརྒྱ་སུམ་ཅུ་ལྷག་ཡོད་པ་དང་ཞིང་པ་དེ་དག་ལ་བོགས་མར་གནང་བའི་གཞུང་གི་ས་ཆའི་ཐོག་ཞིང་ལས་བྱེད་ཆོག་པ་ལས་ཉོ་ཚོང་སོགས་བྱེད་ཆོག་པའི་དབང་ཆ་མེད་པ་རེད་ སྲིད་འཛིན་ཧུ་ཅིན་ཏའོས་ཞིང་པ་ཚོས་སོ་ནམ་འདེབས་ལས་ཙམ་མ་ཡིན་པར་ས་ཆའི་བདག་དབང་རང་མོས་བཞིན་བེད་སྤྱོད་བྱེད་ཆོག་པའི་ཁྲིམས་གཞི་གསར་པ་ཞིག་བཟོ་རྒྱུ་ཡིན་སྐོར་གསུང་ཡོད་པ་དང་ ཁྲིམས་གཞི་གསར་པ་དེ་བཞིན་རིང་མིན་ཕྱི་ཟླ་བཅུ་པའི་ཚེས་དགུ་ཉིན་ཚོགས་རྒྱུའི་རྒྱ་ནག་དབུས་གུང་ཁྲན་ཚོགས་པའི་ལྷན་ཚོགས་ཐོག་གཏན་འབེབས་གནང་རྒྱུ་ཡིན་པ་རེད་ འོན་ཀྱང་སྲིད་འཛིན་ཧུ་ཅིན་ཏའོས་ཞིང་པ་ཚོས་ས་ཞིང་ལོ་སུམ་ཅུ་རིང་བདག་དབང་བྱེད་ཆོག་པའི་ད་ལྟའི་ཁྲིམས་གཞི་དེར་འགྱུར་བ་གནང་རྩིས་མེད་སྐོར་གསུང་བཞག རྒྱ་ནག་གི་ས་གནས་དཔོན་རིགས་མང་པོས་དབང་ཆ་བེད་སྤྱོད་ལོག་པར་བཏང་སྟེ་ ཞིང་པ་ཉམ་ཐག་གི་ས་ཞིང་ལ་གུན་གསབ་ཆུང་ངུ་རེ་སྤྲད་དེ་ བཟོ་གྲ་གསར་རྒྱག་དང་ འཛུགས་སྐྲུན་ཡར་རྒྱས་ལས་གཞིའི་ཆེད་བཙན་འཕྲོག་བྱེད་ཀྱི་ཡོད་པ་དང་ ལོ་ལྟར་ཞིང་པ་སྟོང་ཕྲག་མང་པོས་སོ་སོའི་ས་ཞིང་བཙན་འཕྲོག་བྱས་པར་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་པའི་རྐྱེན་གྱིས་ པེ་ཅིང་སྲིད་གཞུང་གིས་ཞིང་པ་ཚོར་ས་ཁང་བདག་དབང་གི་རང་དབང་ཆེ་ཙམ་སྤྲོད་ཕྱོགས་ཐད་གྲོས་མོལ་མ་གནང་ཀ་མེད་ཆགས་པ་ཞིག་ཡིན་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎