བོད་ནང་རི་ལིའི་ལྕགས་ལམ་ཁག་དྲུག་ཙམ་བཟོ་འཆར།
2008.08.18
༄༅༎རྒྱ་ནག་གཞུང་གི་རི་ལིའི་ལས་ཁུངས་ཀྱིས་ མ་འོངས་པ་ན་ བོད་ནང་རི་ལིའི་ལྕགས་ལམ་དྲུག་ཙམ་གསར་རྒྱག་བྱ་རྒྱུའི་འཆར་གཞི་ཡོད་པ་རེད་ རྒྱ་ནག་གི་རི་ལིའི་ལས་ཁུངས་ཀྱིས་ཉེ་ཆར་ གཟའ་སྤེན་པའི་ཉིན་ལས་ཁུངས་ཀྱི་དྲ་རྒྱའི་ཐོག་ལ་སྤེལ་བའི་ཁྱབ་བསྒྲགས་དང་ རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ནང་ལའང་ཁྱབ་བསྒྲགས་བྱས་གསལ་ལྟར་ན་ གསར་རྒྱག་བྱ་རྒྱུའི་རི་ལིའི་ལྕགས་ལམ་ཁག་གཉིས་ བོད་ཀྱི་རྒྱལ་ས་ལྟ་ས་ནས་བོད་ཀྱི་ས་ཁུལ་གཞན་ཁག་བར་དང་ རི་ལིའི་ལྕགས་ལམ་ཁག་བཞི་ བོད་རང་སྐྱོང་ལྗོངས་མ་ཡིན་པའི་མདོ་སྟོད་སྨད་སོགས་བོད་ཀྱི་ས་ཁུལ་གཞན་ཁག་ནང་གསར་རྒྱག་བྱ་རྒྱུ་ཡིན་པ་དང་ གསར་རྒྱག་བྱས་པའི་རི་ལིའི་ལྕགས་ལམ་དེ་དག་མ་འོངས་པའི་ཕྱི་ལོ་ ༢༠༢༠འི་སྔོན་ལ་དངོས་སུ་བཀོལ་སྤྱོད་བྱ་རྒྱུ་ཡིན་པ་རེད་ རྒྱ་ནག་གཞུང་གིས་ཁྱབ་བསྒྲགས་བྱས་དོན་ལྟར་ན་ བོད་ཁྱོན་ཡོངས་ནང་རི་ལིའི་ལྕགས་ལམ་འཛུགས་བསྐྲུན་བྱས་ཏེ་འབྲོག་པ་རྣམས་ས་གནས་གཅིག་ཏུ་གཏན་འཇགས་གཞིས་ཆགས་བྱས་པའི་ཐོག་ནས་ འཕྲོད་བསྟེན་གྱི་མཐུན་རྐྱེན་བཟང་དུ་བཏང་སྟེ་ མདོར་ན་ བོད་ཀྱི་དཔལ་འབྱོར་ཡར་རྒྱས་དང་ འཕེལ་རྒྱས་གཏོང་རྒྱུར་དམིགས་པ་ཡིན་རུང་ བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་ཕྱི་རྒྱལ་བ་ཚོས་ཉེན་ཁ་སྔོན་དཔགས་གནང་བཞིན་པ་ལྟར་ན་ བོད་ནང་རི་ལིའི་ལྕགས་ལམ་གསར་རྒྱག་བྱས་ཏེ་ ཕྱོགས་གཅིག་ནས་ བོད་ཀྱི་རང་འབྱུང་ནོར་གྱི་གཏེར་རྫས་རྣམས་རྒྱ་ནག་གིས་བསྡོགས་འདོན་བྱ་རྒྱུར་རྒྱ་ནག་གི་དཔལ་འབྱོར་ལ་ཕན་རླབས་ཡོང་རྒྱུ་ངེས་པ་དང་ ཕྱོགས་གཞན་ནས་རི་ལིའི་འགྲུལ་ལམ་བརྒྱུད་ རྒྱ་རིགས་ཤིན་ཏུ་ཁྱོན་ཆེ་ བོད་ནང་གཞིས་སྤོས་བྱས་ཐོག་བོད་མིའི་ཆོས་དང་རིག་གཞུང་ སྲོལ་རྒྱུན་གྱི་མི་ཚེ་སྐྱེལ་སྟངས་དང་བཅས་པ་རིམ་པས་རྩ་བརླག་རྩ་མེད་གཏོང་རྒྱུའི་ཉེན་ཁ་ཡོད་པ་རེད།