རྒྱ་ནག་ནས་ཕྲུ་གུའི་རྩེད་ཆས་མངག་ཉོ་བྱེད་མཁན་ཉུང་དུ་ཕྱིན་པ།
2009.01.18
༄༅༎དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་དཀའ་ཚེགས་ཅན་ཏུ་གྱུར་བའི་སྐབས་དེར་རྒྱ་ནག་གི་ཕྲུ་གུའི་རྩེད་ཆར་ཕྱིར་ཚོང་གི་བྱ་གཞག་ལ་ཚབས་ཆེའི་དོ་ཕོག་ཐེབས་ཡོད་པ་དང་ལྷག་པར་དུ་ཨ་མི་རི་ཀ་དང་ཡོ་རོབ་གཉིས་ནི་རྒྱ་ནག་ནས་ཕྲུ་གུའི་རྩེད་ཆས་ནང་འདྲེན་བྱེད་མཁན་གཙོ་བོ་ཡིན་ཡང་ད་ཆ་མངག་ཉོ་བྱེད་མཁན་ཧ་ཅང་གིས་ཉུང་དུ་ཕྱིན་ཡོད་པ་རེད།
རེས་གཟའ་ཉི་མའི་ཉིན་རྒྱ་ནག་མི་དམངས་ཉིན་རེའི་ཚགས་པར་གྱི་འཕྲིན་གཏོང་དྲ་རྒྱའི་གསར་འགྱུར་པར་ངོས་ཐོག་ལ་ན་ནིང་ཕྱི་ཟླ་དང་པོ་ནས་ཕྱི་ཟླ་བཅུ་གཅིག་བར་གྱི་ཟླ་བ་བཅུ་གཅིག་དེའི་ནང་རྒྱ་ནག་གི་ཕྲུ་གུའི་རྩེད་ཆས་ཁྱོན་སྡོམ་ཨ་རིའི་ཌོ་ལར་ས་ཡ་བརྒྱད་ཕྱིར་ཚོང་བྱས་པ་ནས་ཕྱི་ལོ་༢༠༠༧ལོའི་ཟླ་བ་བཅུ་གཅིག་ནང་གི་ཕྱིར་ཚོང་གྱི་བྱ་གཞག་འཕེལ་རྒྱས་བརྒྱ་ཆ་ཉི་ཤུ་དང་ཚགས་གསུམ་བྱུང་བ་དང་བསྡུར་ན་ན་ནིང་ཕྱིར་ཚོང་གི་འཕེལ་རྒྱས་བརྒྱ་ཆ་གཉིས་དང་ཚགས་ལྔ་ལས་བྱུང་མེད་པ་དང་དེའི་ནང་ནས་ཕྱི་ལོ་༢༠༠༧ལོའི་ཕྱི་ཟླ་བཅུ་གཅིག་པ་དང་ན་ནིང་ཕྱི་ཟླ་བཅུ་གཅིག་པ་ཟླ་བ་དེ་གཉིས་ཁོ་ནའི་ནང་ཕྲུ་གུའི་རྩེད་ཆས་ཕྱིར་ཚོང་གི་བྱ་གཞག་དང་བསྡུར་བ་ཡིན་ཚེ་ན་ནིང་ཕྱི་ཟླ་བཅུ་གཅིག་པ་དེའི་ནང་བརྒྱ་ཆ་དགུ་ཙམ་ཉམས་རྒུད་ཕྱིན་ཡོད་ཅིང་དེ་ནི་གཙོ་བོ་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་ཕྱིན་པའི་ཤུགས་རྐྱེན་ཆེན་པོ་ཞིག་དང་མ་ཟད་བར་ལམ་རྒྱ་ནག་ནས་བཟོ་སྐྲུན་བྱས་པའི་ཕྲུ་གུའི་རྩེད་ཆས་ནང་ཕྲུ་གུའི་བདེ་ཐང་གནོད་གཞིའི་དུག་རྫས་ཡོད་པའི་གནས་ཚུལ་ཐོན་པའི་ཤུགས་རྐྱེན་ཡང་ཡིན་པ་བཤད་ཡོད་པ་རེད། དཔེར་ན་ཕྱི་ལོ་༢༠༠༧ལོའི་ཟླ་དཀྱིལ་ནང་རྒྱ་ནག་ནས་ཕྲུ་གུའི་རྩེད་ཆས་ནང་འདྲེན་བྱེད་མཁན་གྱི་ཨ་མི་རི་ཀའི་ཚོང་ལས་པ་ཚོས་ཚོང་འགྲེམས་བྱས་ཟིན་པ་དང་ཁྲོམ་རའི་ཐོག་བཏོན་ཟིན་པའི་ཕྲུ་གུའི་རྩེད་ཆས་རྣམས་ཕྱིར་བསྡུ་བྱས་པ་དང་དེ་རྗེས་ཕྱིའི་རྒྱལ་ཁབ་མང་པོ་ཞིག་གིས་རྒྱ་ནག་ནས་ནང་འདྲེན་བྱས་པའི་ཕྲུ་གུའི་རྩེད་ཆས་ཚོང་འགྲེམས་བྱས་མི་ཆོག་པའི་བཀག་འགོག་བྱས་ཡོད་པ་རེད༎