ཨ་མི་རི་ཀ་དང་རྒྱ་ནག་དབར་ཚོང་འབྲེལ་གྱི་གནས་སྟངས།
2009.07.15
༄༅༎ཨ་རི་དང་རྒྱ་ནག་དབར་ཚོང་འབྲེལ་བགྱིས་པའི་སྤྲོད་ལེན་ཆ་སྙོམ་མེད་པའི་གནས་སྟངས་རྒྱུན་གནས་ཐུབ་ཐབས་མེད་ལུགས་ཨ་རིའི་ཚོང་འབྲེལ་དྲུང་ཆེ་གེ་རི་ལོཀ་ཡིས་གསུངས་གནང་འདུག
ཨ་རིའི་ཚོང་འབྲེལ་དྲུང་ཆེ་མཆོག་རིང་མིན་རྒྱ་ནག་ཏུ་གཞུང་དོན་ཕྱོགས་ཕེབས་གནང་འཆར་ཡོད་ཅིང་ཁོང་གིས་ཨ་རིའི་ཚོང་པའི་སྡེ་ཚོགས་ཤིག་ལ་གསུང་བཤད་གནང་བའི་ནང་རྒྱ་ནག་གཞུང་ཕྱོགས་གིས་ཕྱིར་བཙོང་གཙོ་འགྱུར་བྱེད་པའི་དཔལ་འབྱོར་ལམ་ལུགས་ལ་བསྒྱུར་བ་གཏོང་གལ་ཆེ་བ་མ་ཟད་རྒྱ་ནག་གི་འགྲོ་རྒྱུག་དངུལ་གྱི་འཛའ་ཐང་ལྷུག་གཏོང་དང་རྒྱ་ནག་གི་ཁྲོམ་ར་ཕྱི་རྒྱར་སྒོ་མོ་ཕྱེ་དགོས་པ་སོགས་གསུངས་གནང་འདུག ལྷག་པར་དུ་རྒྱ་ནག་དང་ཨ་རི་གཉིས་མཁའ་རླུང་འབག་བཙོག་གི་དུག་རླངས་ཕོན་ཆེ་ཤོས་གཏོང་མཁན་ཡིན་པར་བརྟེན་ཁོར་ཡུག་སྲུང་སྐྱོབ་གྱི་འགན་ཁུར་བླངས་དགོས་པའི་སྐོར་ཡང་གསུང་བཤད་གནང་འདུག སྔར་ལོ་རྒྱ་ནག་དང་ཨ་རིའི་དབར་ཚོང་འཐབ་བགྱིས་པའི་སྤྲོད་ལེན་ཁ་མ་འདུམ་པའི་བར་ཁྱད་ཨ་རིའི་ཌོ་ལར་ཐེར་འབུམ་༢༧༠ཙམ་བྱེད་ཀྱི་ཡོད་ཅིང་འདི་ལོ་བར་ཁྱད་ཆུང་དུ་གཏོང་རྒྱུར་ཕྱོགས་གཉིས་ཀས་འབད་བརྩོན་བྱེད་གལ་ཆེ་བའི་སྐོར་ཨ་རིའི་སྲིད་འཛིན་གྱིས་གསུངས་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་རྒྱ་ནག་གི་འགྲོ་རྒྱུགས་དངུལ་གྱི་འཛའ་ཐང་ལ་བསྒྱུར་བཅོས་དང་རྒྱ་ནག་གི་ཁྲོམ་རའི་ནང་སྔར་བས་ཕྱི་ཕྱོགས་ནས་མ་འཛུགས་མང་དུ་བྱེད་བཅུག་ན་རྒྱ་ནག་རང་ཉིད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་ཡོང་ངེས་མ་ཟད་འཛམ་གླིང་ཁྱོན་ཡོངས་ཀྱི་དཔལ་འབྱོར་སླར་གསོར་སྨན་པའི་ལས་དོན་དུ་འགྱུར་ངེས་ཡིན་ལུགས་ཀྱང་གསུངས་གནང་འདུག ཨ་རིའི་ཚོང་འབྲེལ་དྲུང་ཆེ་གེ་རི་ལོཀ་ལྷན་དུ་ནུས་ཤུགས་ལས་ཁུངས་ཀྱི་དྲུང་ཆེ་སི་ཊི་ལྦེན་ཆུ་རིང་མིན་རྒྱ་ནག་ཏུ་གཞུང་དོན་ཕྱོགས་ཕེབས་གནང་འཁེལ་ཡོད་པ་རེད།