ཨེ་ལྦེ་ལྦེ་སྐོར་གྱི་དྲི་བ་དྲི་ལན་དྲ་རྒྱའི་ཐོག་ལྟ་རྒྱུ་མེད་པ་བཟོས་པ།
2011.04.08
༄༅༎རྒྱ་ནག་གཞུང་གིས་ཉེ་ཆར་འཛིན་བཟུང་བྱས་པའི་རྒྱ་ནག་གི་སྒྱུ་རྩལ་བ་སྐད་གྲགས་ཅན་ཨེ་ལྦེ་ལྦེ་ཡི་གནད་དོན་སྐོར་ལ་གསར་འགོད་ལྷན་ཚོགས་ཐོག་གསར་འགོད་པའི་ཁྲོད་ནས་རྒྱ་ནག་གི་མགྲིན་ཚབ་པར་འདྲི་བ་བྱས་པ་དང་དེར་ལན་འདེབས་བྱས་པའི་གནས་ཚུལ་ཡོངས་རྫོགས་དྲ་རྒྱའི་ཐོག་བལྟ་རྒྱུ་མེད་པ་བཟོས་ཡོད་པ་རེད།
དེ་ཡང་རེས་གཟའ་ཕུར་བུའི་ཉིན་པེ་ཅིང་དུ་ཚོགས་པའི་འཆར་ཅན་གསར་འགོད་ལྷན་ཚོགས་ཐོག་ལ་གསར་འགོད་པས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པར་འདྲི་བ་ཁག་བཅོ་བརྒྱད་བཏོན་པའི་ནང་ནས་འདྲི་བ་བརྒྱད་ནི། རྒྱ་ནག་གཞུང་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་དང་གཞུང་གི་སྲིད་ཇུས་ལ་དངོས་ཤུགས་རྒྱུད་གསུམ་ནས་སྐྱོན་བརྗོད་བྱེད་མཁན་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་ལ་བློ་འཚབ་ཡོད་པའི་གནས་ཚུལ་སྐོར་བཏོན་ཡོད་ཅིང༌། སྐབས་དེའི་འདྲི་བ་ལ་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧོང་ལེ་ཡིས། ཨེ་ནི་དཔལ་འབྱོར་གྱི་ཉེས་ཅན་པའི་གནད་དོན་ཐོག་ནས་འདྲི་ཞིབ་བྱེད་བཞིན་ཡོད་པ་རེད་ཅེས་ལན་འདེབས་བྱས་པ་ལས་ཞིབ་ཕྲའི་གནས་ཚུལ་འགྲེལ་བརྗོད་བྱས་མེད་པ་དང༌། ད་དུང་ཨེ་ལྦེ་ལྦེ་ཡི་གྱོད་དོན་ནི་སྨྲ་བརྗོད་རང་དབང་གི་གནད་དོན་དང་འབྲེལ་བ་གང་ཡང་མེད་པ་དང༌། ཡིན་ནའང་ཁོང་ནི་དུས་རྟག་ཏུ་གཞུང་ལ་བསུན་བཙིར་བཟོ་མཁན་ཞིག་རེད་ཅེས་ལེན་འདེབས་བྱས་པའི་གནས་ཚུལ་རྣམས་དེ་རིང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་དྲ་རྒྱའི་ནང་ནས་མི་དམངས་ཀྱིས་ལྟ་ཀློག་བྱེད་རྒྱུ་མེད་པ་བཟོས་ཏེ་ཚང་མ་བཏོན་ཡོད་པ་རེད། ཕྱིའི་རྒྱལ་ཁབ་ཀྱི་གཞུང་དང༌། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་རྒྱ་ནག་གཞུང་ལ་ཨེ་ལྦེ་ལྦེ་གློད་འགྲོལ་གཏོང་དགོས་པའི་འབོད་སྐུལ་གནང་ཡོད་པ་རེད། རྒྱ་ནག་གི་དེང་རབས་སྒྱུ་རྩལ་བ་སྐད་གྲགས་ཅན་ཨེ་ལྦེ་ལྦེ་ཕྱི་ཟླ་བཞི་པའི་ཚེས་གསུམ་རེས་གཟའ་ཉི་མའི་ཉིན་ཧོང་ཀོང་དུ་འགྲིམ་འགྲུལ་བྱེད་པའི་སྐབས། རྒྱ་ནག་གཞུང་གིས་པེ་ཅིང་གནམ་ཐང་ནས་བཀག་འགོག་བྱས་པ་མ་ཟད། འཛིན་བཟུང་བྱས་པ་དང༌། རྒྱ་ནག་ཉེན་རྟོག་པས་ཁོང་གི་པེ་ཅིང་དུ་ཡོད་པའི་རི་མོའི་ལས་ཁང་ཡང་བསྔོགས་བཤེར་བྱས་པའི་གནས་ཚུལ་བྱུང་བ་དང༌། ན་ནིང་ཕྱི་ཟླ་༡༡པའི་ནང་ཁོང་ལྷོ་ཀོ་རི་ཡར་འགྲོ་བསྐྱོད་བྱེད་པའི་སྐབས་རྒྱ་ནག་གཞུང་གིས་གནམ་ཐང་ནས་བཀག་འགོག་བྱས་ཏེ། སྐབས་དེ་དུས་ཁོང་ཕྱི་རྒྱལ་དུ་འགྲིམས་འགྲུལ་བྱ་རྒྱུ་དེ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཞིག་ཡིན་པ་ངོས་འཛིན་བྱས་ཡོད་པ་རེད།