ཨ་རིའི་སྤྱི་མཐུན་ཚོཊ་པས་རྒྱ་ནག་ལ་དངངས་འཚབ་བསླངས་བ།
2016.07.21

ཨ་རིའི་སྤྱི་མཐུན་ཚོགས་པའི་རྩ་འཛིན་ཡིག་ཆའི་ནང་རྒྱ་ནག་གཞུང་གིས་བོད་དང་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་ཐད་འཛིན་པའི་སྲིད་བྱུས་ལ་སྐྱོན་བརྗོད་བྱས་ཡོད་པ་དང་། དེར་རྒྱ་ནག་གཞུང་གིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེ་བཏོན་འདུག
དེ་ཡང་ཨ་རིའི་ནང་སྲིད་འཛིན་གྱི་འོས་བསྡུ་བྱེད་པའི་སྐབས་ཆབ་སྲིད་ཚོགས་པ་སོ་སོའི་འོས་མི་བསྐོ་འདེམས་བྱས་པ་དང་སྦྲགས། ཚོགས་པ་སོ་སོའི་ལངས་ཕྱོགས་ཀྱི་རྩ་འཛིན་ཡིག་ཆ་ཞིག་ཀྱང་འདོན་སྲོལ་ཡོད་པ་ལྟར། འདི་ལོའི་སྤྱི་མཐུན་ཚོགས་པའི་རྩ་འཛིན་ཡིག་ཆ་དེ་བཞིན་འདི་ཚེས་༡༨་ཉིན་གཏན་འབེབས་གསལ་བསྒྲགས་བྱས་པའི་ནང༌། རྒྱ་ནག་གཞུང་གིས་ཁྲིམས་མེད་ལུང་མེད་ཀྱི་ཐོག་ནས་ལྷོ་རྒྱ་ནག་རྒྱ་མཚོའི་མངའ་ཁུལ་ཕལ་མོ་ཆེ་བའི་ཐོག་ཡུལ་དེའི་བདག་དབང་ཡོད་ཚུལ་ཤོད་བཞིན་པ་དེ་ནི། དེང་སྐབས་རྒྱ་ནག་གི་དཔལ་འབྱོར་ཉམ་རྒུད་དུ་འགྲོ་བཞིན་པའི་དཀའ་ངལ་དེ་ལས་མང་ཚོགས་ཀྱི་བསམ་བློ་གཡེང་དུ་བཅུག་རྒྱུའི་ཆེད་ཡིན་པ་དང༌། ཡང་རྒྱ་ནག་གཞུང་གིས་བོད་དང་ཤར་ཏུར་ཀིས་ཐན་གཉིས་ཀྱི་ནང་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་རྩ་མེད་བཟོ་ཐབས་ཀྱི་སྲིད་བྱུས་ལག་བསྟར་བྱེད་ཡོད་ཀྱི་ཡོད་པ་སོགས་བཀོད་ཡོད་པར་བརྟེན། ཕྱི་ཚེས་༢༡་ཉིན་རྒྱ་ནག་གཞུང་གཉེར་ཤིན་ཧ་གསར་འགྱུར་ལས་ཁང་བརྒྱུད་ཡུལ་དེའི་ཕྱི་སྲིད་ལྷན་ཁང་གིས་གསར་འགོད་བསྒྲགས་གཏམ་ཞིག་སྤེལ་བའི་ནང༌། ཨ་རིའི་ཆབ་སྲིད་ཚོགས་པ་ཚོས་རྒྱ་ནག་གི་འགྱུར་ལྡོག་ལ་དྲང་བདེན་དང་རྒྱུ་མཚན་ལྡན་པའི་ལྟ་ཚུལ་ཞིག་འཛིན་པའི་ཐོག་ནས་རྒྱལ་ཁབ་གཉིས་དབར་གྱི་འབྲེལ་ལམ་བཟང་དུ་གཏོང་དགོས་པ་ལས། རྒྱ་ནག་ལ་ཁུངས་མེད་ཀྱི་སྐྱོན་བརྗོད་དང༌། རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱེད་རྒྱུ་མཚམས་འཇོག་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་རྒྱ་ནག་ཕྱི་སྲིད་ལྷན་ཁང་གིས་སྤེལ་བའི་གསར་འགོད་བསྒྲགས་གཏམ་དེའི་ནང་བཀོད་ཡོད་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།