༧གོང་ས་མཆོག་རྩིས་མེད་གཏོང་དགོས་བའི་འབོད་སྐུལ་བྱས་བ།
2015.12.08

དེ་ཡང་རུ་ཌར་གསར་འགྱུར་ནང་གནས་ཚུལ་ཞིག་སྤེལ་ཡོད་པ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་གུང་ཁྲན་ཏང་ཚོགས་པའི་དྲུང་ཆེ་ཁྲིན་ཆོན་གྷོ་ཡིས་བརྗོད་པར། རྒྱ་ནག་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རྒྱལ་མཚན་ནོར་བུ་ནི་ཡང་སྲིད་དངོས་དེ་ཡིན་པ་དང་། ཁོང་གིས་རྒྱ་ནག་མེས་རྒྱལ་གོང་བུ་ཆིག་བསྒྲིལ་གྱི་འགན་སྲུང་ལ་གུང་ཁྲན་ཏང་དང་མཉམ་དུ་བསྐྱོད་རྒྱུར་ཡིད་ཆེས་ཡོད་ཅེས་བཤད་ཡོད་པ་དང་། ད་དུང་སྐྱབས་བྱོལ་དུ་ཡོད་པའི་བོད་མིའི་སྐྱབས་གནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུ་གནས་ལ་བརྩི་མེད་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད་འདུག
དེ་བཞིན་ཁྲིན་ཆོན་གྷོ་ཡིས། རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་རིན་པོ་ཆེར་ཏཱ་ལའི་བླ་མ་ནི་རྒྱལ་ཁབ་ཁ་བྲལ་རིང་ལུགས་པ་ཞིག་ཡིན་པའི་སྐོར་བརྗོད་ཡོད་པ་དང་། ཕྱི་ཟླ ༡༢ པའི་ཚེས ༧ ཉིན་གྱི་ཕྱི་དྲོར། ཁྲིན་ཆོན་གྷོ་ཡིས་གཙང་བཀྲ་ཤིས་ལྷུན་པོ་དགོན་པ་ནས་རྒྱ་ནག་གི་པཎ་ཆེན་ཡང་སྲིད་ལ་བཀྲ་ཤིས་ལྷུན་པོ་དགོན་དོ་དམ་ཨུ་ལྷན་གྱི་མཚན་འཛིན་གཙོ་འཛིན་གྱི་དཔང་ཡིག་ཞེས་བ་ཡང་གནང་ཡོད་པ་རེད།
དེ་བཞིན་རྒྱ་ནག་གཞུང་གིས་མ་འོངས་པའི་རྒྱལ་བ་རིན་པོ་ཆེའི་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཀྱི་གནད་དོན་དེ་གལ་གནད་ཆེན་པོར་འཛིན་གྱི་ཡོད་པའི་གནད་དོན་ཞིག་ཡིན་ལུགས་བཀོད་འདུག
ད་ཕན་པཎ་ཆེན་རིན་པོའི་ཆེའི་ཡང་སྲིད་ངོས་འཛིན་ཞུས་ཕྱོགས་ཀྱི་གནད་དོན་ཐད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ངོས་འཛིན་གནང་བའི་པཎ་ཆེན་ཡང་སྲིད་དགེ་འདུན་ཆོས་ཀྱི་ཉི་མ་མཆོག ད་ཆ་དགུང་གྲངས་༢༦་ཙམ་ལ་བཞེས་ཡོད་ཀྱང་། ད་བར་རྒྱ་ནག་གཞུང་གི་བཀག་ཉར་འོག་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
གསར་འགོད་པ་ཕྲེང་རིང་བསྟན་ནོར།