རྒྱ་མི་སློབ་མ་ཞིག་གིས་དམངས་གཙོ་ལས་འགུལ་བ་རྒྱ་མི་གཞན་ཞིག་ལ་བརྙས་བཅོས་བྱས་རྐྱེན་ཨ་རིའི་ཉེན་རྟོག་པས་བཟུང་འདུག

2022.12.15
རྒྱ་མི་སློབ་མ་ཞིག་གིས་དམངས་གཙོ་ལས་འགུལ་བ་རྒྱ་མི་གཞན་ཞིག་ལ་བརྙས་བཅོས་བྱས་རྐྱེན་ཨ་རིའི་ཉེན་རྟོག་པས་བཟུང་འདུག མངའ་སྡེ་དང་གྲོང་ཁྱེར་ཁྲིམས་ཁང་གི་ཡིག་ཆའི་ངོ་བཤུས།
government document

དེ་ཡང་ལྷོ་རྒྱ་ནག་གི་ཞོགས་པའི་ཕོ་ཉ་གསར་ཁང་གིས་གནས་ཚུལ་སྤེ་བ་ལྟར་ན། ཨ་རིིའི་བྷོ་སུ་ཊོན་(Boston)་གྲོང་ཁྱེར་ནང་སློབ་གཉེར་གནང་བཞིན་པའི་རྒྱ་ནག་གི་རོལ་དབྱངས་སྒྱུ་རྩལ་གྱི་སློབ་མ་ལོ་ན་༢༥སོན་པའི་(Xiaolei Wu)་ཟེར་བ་ཁོང་གིས་རྒྱ་རིགས་བུད་མེད་དམངས་གཙོའི་ལས་འགུལ་སྤེལ་མཁན་སློབ་མ་ཞིག་ལ་དྲ་ཐོག་ནས་བརྙས་བཅོས་དང་སྡིག་ར་སྐུལ་བ། རྗེས་འདེད་བྱས་པ་བཅས་ལ་བརྟེན་ཁོང་ཨ་རིའི་བྷོ་སུ་ཊོན་ཉེན་རྟོག་པས་ཕྱི་ཚེས་༡༤གཟའ་ལྷག་པ་ཉིན་འཛིན་བཟུང་བྱས་ཡོད་འདུག
ཨ་རིའི་ཁྲིམས་འཛིན་ལས་ཁུངས་ཀྱིས། གོང་ཞུས་རྒྱ་མི་སློབ་མ་དེས་རྒྱ་མི་བུད་མེད་སློབ་མ་གཞན་ཞིག་གིས་སྦྱར་ཡིག་སྤེལ་ནས་རྒྱ་ནག་མི་དམངས་མཉམ་དུ་ཡོད། ང་ཚོ་ལ་རང་དབང་དགོས་སོགས་བྲིས་པའི་རྒྱ་གཞུང་དང་ལྟ་བ་མི་མཐུན་པའི་བསམ་ཚུལ་སྤེལ་ཡོད་པ་མཐོང་འཕྲལ་ཁོང་གིས་བསམ་ཚུལ་དེ་རིགས་འགོག་ཐབས་ཀྱི་ཆེད་དུ་བུད་མེད་ལས་འགུལ་བ་དེ་ལ་སྡིགས་ར་སྐུལ་ཡོད་པ་བརྗོད་འདུག

vfvfv.JPG
གོང་ཞུས་གནད་དོན་དེ་ད་ཆ་ཨ་རིའི་བྷོ་སུ་ཊོན་གྲོང་ཁྱེར་གྱི་ཁྲིམས་ཁང་ཏུ་བསྐྱལ་ཡོད་པ་དང་། དེ་ཡང་ཨ་རིའི་ཁྲིམས་འཛིན་ལྷན་ཁང་གིས་བརྗོད་པ་ལྟར་ན། ཨ་རིའི་བྷོ་སུ་ཊོན་ནང་སྒེར་གཉེར་ཀྱི་རོལ་དབྱངས་སྒྱུ་རྩལ་གཙུག་ལག་སློབ་ཆེན་ཞིག་ན་སློབ་གཉེར་གནང་བཞིན་པའི་རྒྱ་རིགས་སློབ་མ་(Wu)་ཞེས་པ་ཁོང་གིས་ཐོག་མ་སྤྱི་ཟླ་༡༠པའི་ཚེས་༢༢ཉིན་གཙུག་ལག་སློབ་གཉེར་ཁང་དེའི་ཉེ་འགྲམ་དུ་རྒྱ་གཞུང་ལ་ངོ་རྒོལ་དང་། རྒྱ་ནག་ནང་དམངས་གཙོ་ལ་རྒྱབ་སྐྱོར་ཡོད་པའི་སྦྱར་ཡིག་སྦྱར་ཡོད་པ་མཐོང་ཡོད་འདུག དེ་ནས་ཉིན་ཁ་ཤས་རྗེས་སུ་ཁོང་གིས་སྤྱི་ཚོགས་བརྒྱུད་ལམ་ཁག་ནང་ལས་འགུལ་སྤེལ་མཁན་གྱི་རྒྱ་མི་ལས་འགུལ་བ་དེ་ལ་བརྙས་བཅོས་བྱེད་འགོ་ཚུགས་ཡོད་པ་དང་། སྡིགས་ར་སྐུལ་བའི་ནང་། ཁྱེད་ཀྱིས་སྦྱར་ཡིག་ད་དུང་མང་ཙམ་སྦྱར་དང་ངས་ཁྱེད་ཀྱིས་འདྲེ་ལག་དེ་བཏུབ་དགོས་ཟེར་བ་དང་། ད་དུང་བུད་མེད་འཐབ་རྩོད་པ་ཁོང་གི་བྱ་སྤྱོད་དེའི་སྐོར་རྒྱ་ནག་གི་གཞུང་ཚབ་ལ་ལན་བསྐྱེལ་ཡོད་པས་ཁོང་མོའི་རྒྱ་ནག་ནང་གི་ནང་མི་ལ་འཚམས་འདྲི་གནང་གི་རེད་ཅེས་ཟུར་ཟའི་ཚུལ་དུ་བརྗོད་འདུག མ་ཟད་ཁྲིམས་ཁང་ནང་གྱོད་གཏུག་བྱས་པའི་ཡིག་ཆ་ནང་གསལ་བ་ལྟར་ན། རྒྱ་མི་སློབ་མ་དེས་མི་གཞན་ལ་བུད་མེད་ལས་འགུལ་བ་ཁོང་མོའི་སྡོད་སའི་ཁ་བྱང་དང་། གློག་འཕྲིན་འཚོལ་དགོས་པ་དང་། མི་གཞན་ལ་ཡང་ཁོང་མོར་བརྙས་བཅོས་བྱེད་རྒྱུ་སྐུལ་མ་བྱས་འདུག ཨ་རིའི་གཞུང་གི་ཁྲིམས་རྩོད་པ་(Rachel S. Rollins)་ཞུས་པ་ཁོང་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། གོང་ཞུས་རྒྱ་མི་སློབ་མ་(Wu)་ཡིས་གཞན་ལ་སྡིགས་ར་དང་བརྙས་བཅོས་བྱས་པའི་བྱ་སྤྱོད་དེ་སྨྲ་བརྗོད་རང་དབང་ཞིག་མ་ཡིན་པར་དེ་ལས་ལྡོག་ཏེ་རྒྱ་མི་སློབ་མ་གཞན་ཞིག་གིས་རྒྱ་གཞུང་དང་ལྟ་བ་མ་མཐུན་པའི་བསམ་ཚུལ་སྤེལ་བ་དེའི་ཁ་འགོག་ཐབས་ཀྱི་ཆེད་དུ་རེད། སྨྲ་བརྗོད་རང་དབང་ནི་ཨ་རིའི་རྩ་ཁྲིམས་ནང་འཁོད་པའི་ཐོབ་ཐང་ཞིག་ཡིན་དུས་ང་ཚོས་དེ་ལ་སྲུང་སྐྱོབ་བྱེད་ཀྱི་རེད་ཅེས་བརྗོད་འདུག
ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བྷོ་སུ་ཊོན་ས་གནས་ཡན་ལག་ལས་ཁུངས་སུ་ཕྱག་ལས་གནང་བཞིན་པའི་སྐུ་ཞབས་(Joseph Bonayolonta)་ཞེས་པ་ཁོང་གིས། རྒྱ་མི་སློབ་མ་(Wu)་ཡི་བྱ་སྤྱོད་དེ་ཡག་པོ་མི་འདུག ཁོས་ལས་འགུལ་བ་དེའི་གནས་ཚུལ་རྒྱ་གཞུང་ལ་བཤད་ནས་རྒྱ་གཞུང་གིས་ཁོང་མོ་དང་ཁོང་མོའི་ནང་མི་ཞིབ་འཇུག་བྱེད་སྲིད་པའི་ཉེན་ཁ་ཡོད་པ་བརྗོད་འདུག
དེ་སྔོན་རྒྱ་གཞུང་གིས་རྒྱ་ནག་སྐམ་ས་ཆེན་པོ་ནས་ཕྱི་རྒྱལ་ཏུ་ཕྱིན་པའི་མི་སྒེར་པ་སོགས་ལ་རྒྱ་ནག་གཞུང་གིས་རྒྱལ་མཚམས་བརྒལ་ནས་བསུན་གཙེར་བྱེད་བཞིན་པའི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཁ་གསལ་བཏོན་ཡོད་པ་དང་། ད་དུང་རྒྱ་ནག་གཞུང་གིས་ཕྱིའི་རྒྱལ་ཁབ་ཁག་ནང་ཁྲིམས་འགལ་གྱི་ཉེན་རྟོག་ས་ཚུགས་བཙུགས་ནས་རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་མཁན་ཚོ་སྟངས་འཛིན་ཡོང་ཐབས་བྱེད་བཞིན་པའི་གནས་ཚུལ་ཡང་ཡང་ཐོན་ཡོད།


གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚང་མ་མཐུན་སྒྲིལ་ཐོག་མཉམ་གནས་ཐུབ་རྒྱུ་དེ་མགོན་པོ་མཆོག་གི་ཐུགས་རེ་གཙོ་བོ་ཡིན་ཞེས་རྒྱ་རིགས་ཚན་རིག་པ་ཚོར་བཀའ་སྩལ་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎