རྒྱ་ནག་གིས་ཨ་རིའི་འོས་བསྡུར་ཐེ་གཏོགས་བྱེད་ཀྱི་མེད་ཚུལ་བརྗོད་འདུག
2018.09.27
རྒྱ་ནག་གིས་ཨ་རིའི་འོས་བསྡུར་ཐེ་གཏོགས་བྱེད་བཞིན་པ་ཨ་རིའི་སྲིད་འཛིན་གྱིས་སྐྱོན་བརྗོད་གནང་པར་རྒྱ་ནག་གིས་དེ་ངོས་ལེན་བྱས་མི་འདུག
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་མི་རི་ཀའི་སྲིད་འཛིན་ ཌོ་ནཱལཌ་ཏྲམཔ་(Donald Trump) གིས་རྒྱ་ནག་གི་ངོས་ནས་ཕྱི་ཟླ་ ༡༡ ནང་གཉེར་རྒྱུའི་ཨ་རིའི་བར་མའི་འོས་བསྡུའི་སྐབས་ཨ་རིའི་སྤྱི་མཐུན་སྲིད་དོན་ཚོགས་པར་ཕམ་ཉེས་གཏོང་ཆེད་ཐེ་གཏོགས་བྱེད་བཞིན་ཡོད་པ་གསུངས་ནས་སྐྱོན་བརྗོད་གནང་པ་དེ་ནི་བདེན་པ་མིན་པ་བརྗོད་ཡོད་པ་རེད།
རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Geng Shuang)གིས་པེ་ཅིང་དུ་འཚོགས་པའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཤིག་གི་སྐབས། ཨ་མི་རི་ཀས་རྒྱ་ནག་ལ་རྒྱུན་ཆད་མེད་པའི་སྐྱོན་བརྗོད་དང་མིང་རྗེས་བཟོ་རྒྱུ་དེ་མཚམས་འཇོག་བྱ་དགོས་པ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྩ་དོན་ལ་གནོད་གཞི་འགྲོ་རྒྱུའི་གཏམ་བཤད་དང་ལས་དོན་དེ་ཚོ་མཚམས་འཇོག་དགོས་ལུགས་བརྗོད་འདུག
ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་རེས་གཟའ་ལྷག་པའི་ཉིན་རང་གི་སྤྱི་ཚོགས་བརྡ་འཕྲིན་ཐོག་རྒྱ་ནག་གིས་ཨ་མི་རི་ཀའི་བར་བརྒལ་འོས་བསྡུའི་ནང་ཁོང་གི་སྲིད་དོན་ཚོགས་པར་འོས་ཤོག་མི་ཐོབ་པའི་ཆེད། རྒྱ་ནག་གཞུང་གིས་(Des Moines Register) ལྟ་བུའི་གསར་ཤོག་ནང་། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་དང་ཚོང་ཁྲལ་གྱི་དཀའ་ངལ་བཟོ་བཞིན་པ་འདི་ནོར་འཁྲུལ་ཡིན་པའི་སྐོར་ཨ་མི་རི་ཀའི་གསར་ཤོག་གི་ནང་བཀོད་སྤེལ་བྱས་པ་དཔེ་མཚོན་དུ་ལུང་འདྲེན་བྱས་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་(Geng Shuang) གིས་ཨ་མི་རི་ཀའི་ཐུབ་ཚོད་དང་གནོན་ཤུགས་ཀྱིས་རྒྱ་ནག་ལ་འཇིགས་སྣང་སྐུལ་ཐུབ་ཀྱི་མ་རེད་ལ་། རྒྱ་ནག་གི་དཔལ་འབྱོར་གནས་སྟངས་ཉམས་ཆག་གཏོང་ཐུབ་ཀྱི་མ་རེད་ཅེས་བརྗོད་ཡོད་པ་རེད།
ཨ་མི་རི་ཀས་རྒྱ་ནག་ལ་ཚོང་གི་སྒོ་ཁྲལ་ཕར་མ་རྒྱབ་སྟེ་ཚོང་གི་འཁྲུགས་རྩོད་ཅི་ཆེ་འགྲོ་བཞིན་ཡོད་པའི་ཁར་། གཟའ་འཁོར་འདིའི་ནང་། རྒྱ་ནག་ནས་ར་ཤེ་ཡའི་འགྲམ་ནས་གོ་མཚོན་ཉོས་པར་དཔལ་འབྱོར་གྱི་ཉེས་ཆད་དང་། ཡང་ཨ་མི་རི་ཀའི་ངོས་ནས་གཟའ་འཁོར་འདིའི་ནང་ཐེ་ཝན་ལ་མཁོ་གནད་ཆེ་བའི་མ་གནས་ཨ་སྒོར་ས་ཡ་༣༣༠ཙམ་གྱི་གནམ་དམག་གི་གནམ་གྲུ་སོགས་ཚོང་བསྒྱུར་བྱ་རྒྱུ་གསལ་བསྒྲགས་གནང་པ་སོགས་ཀྱི་ཐོག་ནས་རྒྱ་ནག་དང་ཨ་མི་རི་ཀ་ཕྱོགས་གཉིས་ཀྱི་བར་ཚོང་དང་དམག་དོན་གྱི་འབྲེལ་བར་དོ་ཕོག་གང་ཆེ་འགྲོ་བཞིན་ཡོད་པ་རེད།
གསར་འགོད་པ་བློ་བཟང་ཡེ་ཤེས།