རྒྱ་ནག་ཏུ་ཕྱི་རྒྱལ་གསར་འགོད་པར་ཉེན་བརྡ་བཏང་བ།
2011.03.02
༄༅༎རྒྱ་ནག་ཉེན་རྟོག་པས་རྒྱ་ནག་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་ཉེ་ཆར་དྲ་རྒྱའི་ཐོག་ནས་མེ་ཏོག་བ་སྤུ་འམ་མ་ལི་ཀའི་གསར་རྗེ་ཞེས་པའི་རྒྱ་ནག་མི་མང་ཚོས་གཟའ་ཉི་མ་ནམ་ཡིན་ཁྲོམ་གཞུང་དུ་འདོན་ནས་དམངས་གཙོའི་ལམ་ལུགས་དགོས་པའི་རྔམ་སྟོན་བྱ་རྒྱུའི་འབོད་སྐུལ་བྱས་པའི་གནས་ཚུལ་དང་འབྲེལ་བའི་སྐོར་གསར་འགྱུར་རིགས་སྤེལ་ཚེ་་རྒྱ་ནག་ནང་གསར་འགྱུར་འགོད་རྒྱུའི་ཆོག་མཆན་ཕྱིར་བསྡུ་བྱ་རྒྱུ་བརྗོད་ནས་ཕྱི་རྒྱལ་གྱི་གསར་འགོད་པ་ཚོར་གནས་ཚུལ་དེའི་རིགས་བཀོད་ན་ རང་ཉིད་ཀྱི་ལས་གནས་ཤོར་སྲིད་པའི་འཇིགས་སྐུལ་ཉེན་བརྡ་བཏང་ཡོད་ཅིང་ དེ་ཡང་ཉིན་ཤས་སྔོན་པེ་ཅིན་ཉེན་རྟོག་པས་པེ་ཅིན་ནང་ཡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་དང་ཐུག་ཕྲད་བྱས་ནས་དེའི་སྐོར་གླེང་སློང་བྱས་ཡོད་པ་དང་དེའི་སྐོར་དེ་རིང་གཟའ་ལྷག་པའི་ཉིན་ཕྱི་རྒྱལ་གྱི་གསར་འགོད་པ་བཅུ་གྲངས་ཤིག་གིས་དེའི་སྐོར་གནས་ཚུལ་བརྗོད་ཡོད་པ་བཞིན་ རྒྱ་ནག་ཉེན་རྟོག་པས་གོང་ཞུས་རྒྱ་ནག་གཞུང་གིས་དམ་བསྒྲགས་བྱེད་སའི་ས་ཁོངས་སུ་ངོ་རྒོལ་བྱེད་མཁན་ཚོའི་སྐོར་གནས་ཚུལ་སྤེལ་ཚེ་མ་འོངས་ཕྱི་རྒྱལ་གྱི་གསར་འགོད་པ་གནས་ཚུལ་སྤེལ་མཁན་སུ་ཡིན་ རྒྱ་ནག་ནང་ལས་ཀ་བྱ་རྒྱུའི་ཆོག་མཆན་སྤྲོད་རྒྱུར་དཀའ་ངལ་ཕྲད་སྲིད་པའི་ཉེན་བརྡ་བཏང་བའི་སྐོར་ཕྱི་རྒྱལ་གྱི་གསར་འགོད་པ་ཚོས་བརྗོད་ཡོད་འདུག ཉེ་བའི་ཆར་ཕྱི་རྒྱལ་ནང་འགྲེམས་སྤེལ་བྱེད་ཀྱི་ཡོད་པའི་བོའོ་ཤུན་དྲ་རྒྱའི་ཐོག་སུས་བཀོད་མིན་ཤེས་རྟོགས་མེད་པའི་འབོད་སྐུལ་ཞིག་འགྲེམས་ནས་དེའི་ནང་གཟའ་ཉི་མ་ནམ་ཉིན་རྒྱ་ནག་གི་གྲོང་ཁྱེར་བཅུ་གྲངས་ཤིག་མིང་འདོན་བྱས་པའི་ནང་མི་མང་ཚོས་འདུ་འཛོམས་ཀྱིས་རྔམ་སྟོན་བྱས་ནས་དམངས་གཙོའི་ལམ་ལུགས་དར་སྤེལ་དགོས་པའི་སྐད་འབོད་བྱ་རྒྱུའི་དགོས་འདུན་བཏོན་ཡོད་པ་བཞིན་འདས་པའི་གཟའ་འཁོར་གཉིས་ནས་མིང་འདོན་བྱས་པའི་གྲོང་ཁྱེར་མང་པོ་ཞིག་ནང་འདུ་འཛོམས་བྱེད་མཁན་བྱུང་ཡོད་ཀྱང་རྒྱ་ནག་ཉེན་རྟོག་པས་འདུ་འཛོམས་བྱེད་མཁན་ཚོ་ཁ་གཏོར་བཏང་བ་མ་ཟད་ དེ་དང་འབྲེལ་བ་ཡོད་པར་དོགས་གཞི་ཡོད་པའི་མི་སྣ་མང་པོ་ཞིག་འཇུ་བཟུང་དམ་བསྒྲགས་བཀག་ཉར་བྱས་ཡོད་པ་རེད།