རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཐོག་ཨ་རིར་ཉེན་བརྡ།
2011.05.11
༄༅༎གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་བློན་ཆེན་གཞོན་པའི་གྲས་ཀྲང་ཀྲེ་ཅུན་གྱིས་ ཨ་རི་དང་རྒྱ་ནག་དབར་དཔལ་འབྱོར་དང་ཐབས་ཇུས་ཀྱི་ལྷན་ཚོགས་ཐེངས་གསུམ་པ་དེ་ཨ་རིའི་ནང་དུས་ཡུན་ཉིན་གྲངས་གཉིས་རིང་ཚུགས་རིང་ ཨ་རིའི་དཔོན་རིགས་ནས་ བོད་དེ་རྒྱ་ནག་གི་ཁོངས་གཏོགས་ཡིན་པའི་ཐོག་བསམ་ཞིབ་བྱེད་དགོས་པའི་བཀའ་མོལ་གནང་ཡོད་པ་དང་ རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པས་ ཨ་རི་ཕྱོགས་ནས་བོད་ཀྱི་གནད་དོན་དང་འབྲེལ་བའི་སྐོར་ལ་བཀའ་མོལ་གནང་བའི་སྐབས་ དེ་སྔོན་གྱི་ཁས་ལེན་མི་དོར་བ་དང་ དེ་བཞིན་ཟབ་ནན་དང་གྲ་སྒྲིག་ཡོད་པའི་ཐོག་ནས་བཀའ་མོལ་གནང་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུང་འདུག
ཕྱི་ཚེས་དགུ་དང་བཅུ་ཉིན་གྲངས་གཉིས་རིང་ཨ་རི་དང་རྒྱ་ནག་དབར་དཔལ་འབྱོར་དང་ཐབས་ཇུས་ཀྱི་ལྷན་ཚོགས་ཐེངས་གསུམ་པ་དེ་ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་དུ་ཚོགས་ཡོད་པ་དང་ ལྷན་ཚོགས་ཐོག་ཨ་རིའི་སྲིད་འཛིན་གཞོན་པ་ ཇོའོ་བད་གྲན་མཆོག་དང་ ཕྱི་སྲིད་དྲུང་ཆེ་ལྕམ་ཁ་ལིན་ཀྲོན་རྣམ་གཉིས་ཀྱིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སྐྱོན་བརྗོད་གནང་ཡོད་ཅིང་ ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་ཚོའི་ཐོག་རྡུང་རྡེག་དང་དམ་བསྒྲཌ་བྱེད་བཞིན་པའི་གནད་དོན་ཡང་གསལ་སྟོན་གནང་ཡོད་པ་རེད་ ཨ་རི་དང་རྒྱ་ནག་དབར་དཔལ་འབྱོར་དང་ཐབས་ཇུས་ཀྱི་ལྷན་ཚོགས་ཚུགས་པའི་རིང་ ཚོགས་ཁང་ཕྱི་རུ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བོད་རྔ་པ་ཀིརྟི་དགོན་པ་དང་དེའི་ཁུལ་དུ་དམ་བསྒྲཌ་བཀག་སྡོམ་བྱེད་བཞིན་པའི་གནས་སྟངས་ལ་འགྱུར་ལྡོག་གཏོང་རྒྱུའི་དགོས་འདུན་གྱི་རྔམ་སྟོན་སྐད་འབོད་ཀྱང་་གནང་ཡོད་འདུག