རྒྱ་ནག་མཁས་དབང་ཞིག་ལ་ཉེས་རྡུང་ཚབས་ཆེ་བཏང་བ།
2009.04.07
༄༅༎ཕྱི་ལོ་༡༩༨༩ལོར་གནམ་བདེ་སྒོ་མོའི་ཐང་ཆེན་ནང་སློབ་ཕྲུག་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྒེར་ལངས་བྱས་པ་དེར་རྒྱབ་སྐྱོར་ཞུ་མཁན་རྒྱ་ནག་གི་དབུ་ཁྲིད་ཀྲའོ་རྩི་དབྱང་གི་ཕུར་ཁང་ལ་གུས་འདུད་ཞུ་བར་བསྐྱོད་མཁན་ལོ་ན་༧༥ལ་སོན་པའི་རྒྱ་ནག་མཁས་དབང་སུན་ལྦུན་ཀོང་ཞུ་བ་ཞིག་ལ་མི་ལྔས་ཉེས་རྡུང་ཚད་མེད་བཏང་སྟེ་ད་ཆ་ཁོང་སྨན་ཁང་ནང་ལུས་ཡོད་པའི་གནས་ཚུལ་ཐོན་བཞག
དེ་ཡང་མང་གཙོར་རྒྱབ་སྐྱོར་གནང་མཁན་རྒྱ་ནག་གི་དབུ་ཁྲིད་ཟུར་པ་ཀྲའོ་རྩི་དབྱང་གི་ཕུར་ཁང་བཞུགས་ཡུལ་རྒྱ་ནག་ཤར་ཕྱོགས་ཧྲན་ཏུང་ཞིང་ཆེན་གྱི་ཅི་ནན་གྲོང་ཁྱེར་ནང་རེས་གཟའ་སྤེན་པའི་ཉིན་སྐུ་ཞབས་སུན་ལྦུན་ཀོང་གིས་དམ་པ་དེར་གུས་ཞབས་ཞུ་ཆེད་ཕུར་ཁང་ལ་བསྐྱོད་པའི་སྐབས་མི་མང་སྟོང་ཕྲག་མང་པོའི་མདུན་དུ་མི་ལྔས་ཁོང་ལ་ཉེས་རྡུང་ཚད་མེད་བཏང་བཞག ཁོང་གིས་ཕ་རན་སི་གསར་ལས་ཁང་ལ་ད་དུང་ཡང་ང་འགུལ་སྐྱོད་རྒྱབ་ཐུབ་ཀྱི་མིན་འདུག མི་དེ་ཚོས་མི་སྟོང་ཕྲག་མང་པོའི་མདུན་དུ་ང་ལ་ཉེས་རྡུང་བཏང་བ་དེ་ནི་བློ་ཁོག་ཆེན་པོ་དང་ཚུལ་དང་མི་མཐུན་པ་ཞིག་རེད་ཅེས་གསུང་བཞག ཚབས་ཆེའི་ཉེས་རྡུང་དེས་རྐྱེན་པས་ཁོང་གི་རྩིག་མ་ཁ་ཤས་ཆག་ཡོད་པ་དང་རྐང་པ་དང་ལག་པར་རྨས་སྐྱོན་ཕོག་ཡོད་འདུག རྒྱ་རིགས་མཁས་དབང་སུན་ལྦུན་ཀོང་ལ་ཉེས་རྡུང་བཏང་བའི་གནས་ཚུལ་དེ་ནི་གནམ་བདེ་སྒོ་མོའི་ཐང་ཆེན་གྱི་དོན་རྐྱེན་བྱུང་སྟེ་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་མ་སླེབས་པའི་ཟླ་བ་གཉིས་ཀྱི་གོང་དུ་བྱུང་བའི་གནས་ཚུལ་ཞིག་རེད། སྐུ་ཞབས་སུན་ནི་གཙུག་ལག་སློབ་གྲྭ་ཆེན་མོ་ཞིག་གི་སློབ་དཔོན་ཟུར་པ་ཞིག་ཡིན་པ་དང་ཁོང་རང་ཉིད་ཀྱི་ལངས་ཕྱོགས་དང་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་བསམ་ཚུལ་འམ་ལྟ་བ་མི་མཐུན་པའི་ཆ་ནས་དེ་སྔ་ཡང་མི་ལོ་བཅུ་ཕྲག་གཅིག་ལྷག་ཙམ་རིང་བཙོན་ཁང་དུ་བཞུགས་དགོས་བྱུང་མྱོང་ཡོད་པ་རེད།