བོད་མདོ་སྨད་རྔ་པ་ཁུལ་དུ་སྔར་བས་དམ་བསྒྲགས།
2011.03.22
༄༅༎ཕྱི་ལོ་༢༠༡༡ཟླ་༣ཚེས་༡༩མཚན་མོ་ནས་མདོ་སྨད་རྔ་པའི་སྟོད་སྨད་བར་གསུམ་དུ་དམག་མི་མང་པོ་བཏང་ནས་དམ་བསྒྲགས་སྔར་ནས་ལྷག་པ་བྱེད་བཞིན་ཡོད་པའི་གནས་ཚུལ་འདུག།
ལྷག་པར་དུ་ཕྱི་ཚེས་༢༠ཉིན་རྫོང་དང་ཐག་ཉེ་བའི་དགོན་གྲོང་མང་པོར་དགོན་པའི་ལས་སྣེ་ཁག་དང་སྡེ་དཔོན་རྣམས་ལ་རང་རང་སོ་སོའི་དགོན་པ་དང་སྡེ་བའི་འགན་ཁུར་ཏེ་ཤོག་སྦག་རྒྱབ་མི་ཆོག་པ་དང། བསང་གཏོང་མི་ཆོག་པ། རླུང་རྟ་གཏོར་མི་ཆོག་པ་སོགས་མི་ཆོག་པ་མང་པོ་ཞིག་བགྲངས་ཏེ་རྒྱུན་ལྡན་མ་ཡིན་པའི་དམ་བསྒྲགས་ནན་པོ་བྱས་འདུག།
ས་གནས་བོད་མི་ཚོས་གསུང་ཡག་ལ།ཉིན་དེར་བཙལ་བྱོལ་མི་རྣམས་ཀྱིས་བཀའ་བློན་ཁྲི་བ་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་གནང་བཞིན་པར་གཞིས་ལུས་བོད་མི་རྣམས་ཀྱིས་དགའ་བསུའི་རྣམ་འགྱུར་སྟོན་རྒྱུ་ཡིན་པ་ཤེས་ནས་བཀག་སྡོམ་བྱས་པ་ཞིག་རེད་འདུག ཡང་ཕྱི་ཚེས་༢༠ཉིན་ནས་ཨ་མདོ་རྔ་པ་ཀིརྟིའི་དགོན་དུ་སི་ཁྲོན་ཞིང་ཆེན་དང་རྔ་པ་རང་སྐྱོང་ཁུལ་གྱི་ལས་བྱེད་མང་པོ་ཞིག་སླེབས་ཡོད་པ་དང་། ཉིན་དེ་ནས་དགོན་པའི་དགེ་འདུན་པ་རྣམས་ཕྱི་ལ་ཕེབས་དགོས་བྱུང་ཚེ་ དང་པོ་འཛིན་གྲྭ་སོ་སོའི་སྐྱོར་དཔོན་གྱིས་འགན་ལེན་ཡིག་ཆ་དགོས་པ་དང་དེའི་ཐོག་དགེ་བསྐོས་གང་རུང་གིས་འགན་ལེན་ཡིག་ཆ་དགོས་པ། དེའི་ཐོག་དགོན་པའི་ནང་འབྱོར་བའི་རྒྱ་མིའི་ལས་བྱེད་ཚོས་ཆོག་མཆན་
ཡི་གེ་ཐོབ་ན། གཞི་ནས་ཕྱི་ལ་འགྲོ་ཆོག་པ་མ་གཏོགས་དེ་མིན་གང་བྱུང་འགྲོ་བསྐྱོད་མི་ཆོག་པའི་བཀག་སྡོམ་བྱས་འདུག། ཕྱོགས་མཚུངས་ ཕྱི་ཚེས་༢༡ཉིན་ནས་དགོན་པའི་ནང་སླེབས་པའི་ཞིང་ཆེན་དང་ཁུལ་གྱི་ལས་བྱེད་ཚོས་་དགོན་པའི་དགེ་ འདུན་པ་རྣམས་ལ་སློབ་གསོ་ཟེར་བའི་མིང་འོག་ནས་དེ་སྔའི་རྒྱལ་གཅེས་ཆོས་གཅེས་ཀྱི་ལས་འགུལ་དེ་བསྐྱར་དུ་སྤེལ་ཡོད་པ་མ་ཟད།
དགོན་པའི་དགེ་འདུན་པ་ཕུན་ཚོགས་ལགས་ཀྱིས་ཕྱི་ཚེས་༡༦ཉིན་སྐུ་ལུས་མེར་སྲེག་སྐབས་རྒྱ་ལག་ནས་འཕྲོག་མཁན་ཚོར་མི་བསད་པའི་ཉེས་འཛུགས་ཀྱང་བྱེད་ཀྱི་ཡོད་པའི་གནས་ཚུལ་འདུག།