རྒྱ་མི་ཞིག་ནས་ཨ་རིའི་མེ་ཤུགས་འཕུར་མདའི་ལག་རྩལ་ཕྱིར་ཚོང་།
2008.11.18
༄༅༎ཉེ་ཆར་འཛིན་བཟུང་བྱས་པའི་རྒྱལ་ཁོངས་ཨ་རི་ཡིན་པའི་རྒྱ་མི་ཚན་རིག་པ་ཞིག་ནས་ཁྲིམས་འགལ་ཐོག་རྒྱ་ནག་ལ་ཨ་རིའི་མེ་ཤུགས་འཕུར་མདའི་ལག་རྩལ་ཕྱིར་ཚོང་བྱས་ཡོད་པའི་གནས་ཚུལ་ཁས་ལེན་བྱས་འདུག
དེའང་ད་རེས་ཨ་རིའི་དཔོན་རིགས་ཤིག་ནས་ད་ལོ་ལོ་གྲངས་དྲུག་བཅུ་རེ་བརྒྱད་ལ་སོན་པའི་རྒྱལ་ཁོངས་ཨ་རི་ཡིན་པའི་རྒྱ་རིགས་ཚན་རིག་པ་ཧུའུ་ཇོན་ཧྲང་ནས་ཨ་རིའི་གོ་མཚོན་ཕྱིར་ཚོང་དོ་དམ་གྱི་ཁྲིམས་གཞིའི་གཏན་འབེབས་ལས་རྒྱབ་འགལ་བྱས་ཏེ་རྒྱ་ནག་གི་བར་སྣང་དུ་མི་བཟོས་སྲུང་སྐར་གཏོང་རྒྱུར་ཧ་ཅང་གནད་འགག་ཆེ་བའི་མེ་ཤུགས་འཕུར་མདའི་འཕེན་ཤུགས་ལག་རྩལ་ཕྱིར་ཚོང་དང་དེ་བཞིན་རྒྱ་ནག་ལ་རོགས་རམ་མཁོ་འདོན་བྱས་ཡོད་པའི་གནས་ཚུལ་ཁས་ལེན་བྱས་ཡོད་པར་གསུངས་འདུག་ལ་ཧུའུ་ཇོན་ཧྲན་ནི་དུས་རབས་སྔོན་མ་དེའི་ལོ་རབས་བརྒྱ་བཅུ་པའི་ནང་ཨ་རིར་གནས་སྤོ་བྱས་ཡོད་ཅིང་སྤྱི་ལོ་༡༩༩༩ལོར་ཁོ་པ་དངོས་སུ་ཨ་རིའི་སྤྱི་འབངས་ཤིག་ལ་གྱུར་ཡོད་པ་མ་ཟད་དེ་ནས་ཁོ་པས་ལོ་དེ་རང་ལ་གསར་བཙུགས་བྱས་པའི་ཨ་རིའི་ཨེ་མེཁ་རྒྱལ་སྤྱིའི་ཚད་ལྡན་ཚོང་དོན་ཚན་པའི་འགན་འཛིན་གྱི་ལས་འགན་ཁུར་ཡོད་ལ་ཧུའུ་ཇོན་ཧྲན་ནས་ཁས་ལེན་བྱས་པའི་གནས་ཚུལ་ལྟར་ན་ཁོ་པས་སྤྱི་ལོ་༢༠༠༣ནས་སྤྱི་ལོ་༢༠༠༧ལོའི་ཟླ་བ་བཅུ་པའི་རིང་ལ་རྒྱ་ནག་ལ་མི་བཟོས་སྲུང་སྐར་འཕེན་པའི་མེ་ཤུགས་ཀྱི་མ་ལག་འཆར་བཀོད་དང་བཟོ་སྐྲུན་བྱེད་རོགས་བྱས་ཡོད་པ་རེད་འདུག ཚོད་དཔག་ལྟར་ན་གོང་གསལ་གྱོད་གཞི་དེའི་ཐོག་དུས་སངས་སྤྱི་ཟླ་བཞི་པའི་ནང་ཁྲིམས་ཐག་གཅད་རྒྱུ་དང་ཁོ་པར་དུས་ཡུན་ལོ་ངོ་ཉི་ཤུ་རྩ་ལྔའི་རིང་བཙོན་བཅུགས་བྱ་རྒྱུ་དང་དེ་བཞིན་ཨ་སྒོར་ས་ཡ་ཁ་ཤས་ལོན་པའི་དངུལ་ཆད་གཏང་རྒྱུ་ཡིན་པ་རེད་འདུག