བོད་པའི་བླ་མའི་ཁྲིམས་ཐག་དུས་ཚོད་ཕྱིར་འགྱངས་བྱས་ཡོད་པ།
2009.04.28
༄༅༎བོད་ཁམས་དཀར་མཛེས་རྫོང་སྤང་རི་བཙུན་དགོན་གྱི་བླ་མ་སྤྲུལ་སྐུ་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ལ་ཁྲིམས་ཐག་གཅད་རྒྱུའི་དུས་ཚོད་ཕྱིར་འགྱུངས་བྱས་པའི་སྐོར་ཁ་ས་ཁོང་གི་ཁྲིམས་རྩོད་པས་བརྗོད་འདུག
རྒྱ་ནག་གཞུང་གིས་སྤང་རི་བཙུན་དགོན་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་སྤེལ་ཏེ་བཙུན་མ་རྣམས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་དམས་ཞུ་བཅུག་པ་དེར་བཙུན་མ་ཚོས་ངོ་རྒོལ་རྔམ་སྟོན་གནང་བའི་རྗེས་སུ་བཙུན་དགོན་དེའི་དགོན་བདག་ཕུར་བུ་ཚེ་རིང་རིན་པོ་ཆེ་མཆོག་ལ་ཐུང་མདའ་བདག་བཟུང་གནང་བའི་ནག་ཉེས་བཙུགས་ཏེ་རྒྱ་མིའི་ཉེན་རྟོག་མི་སྣས་སྔ་ལོའི་ཕྱི་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཉིན་འཛིན་བཟུང་བྱས་ཡོད་པ་རེད།
རིན་པོ་ཆེ་མཆོག་གི་ཁྲིམས་རྩོད་པ་རྒྱ་མི་གཉིས་ཡོད་པའི་ནང་ནས་ཁྲིམས་རྩོད་པ་ལི་ཕང་པིང་གིས་བརྗོད་དོན་ལྟར་ན་ཁམས་དཀར་མཛེས་དར་རྩེ་མདོའི་མི་དམངས་ཁྲིམས་ཁང་གིས་ཁ་ས་ཕྱི་ཚེས་ཉི་ཤུ་རྩ་བརྒྱད་ཉིན་ཁ་པར་ཐོག་རིན་པོ་ཆེ་མཆོག་ལ་ཁྲིམས་ཐག་གཅད་རྒྱུའི་དུས་ཚོད་ཕྱིར་འགྱངས་བྱས་ཡོད་པའི་སྐོར་དང་ཁྲིམས་ཐག་གཅད་རྒྱུའི་དུས་ཚེས་གསར་པ་གཏན་འཁེལ་བྱུང་མཚམས་སུ་ལན་བརྡ་སྤྲོད་རྒྱུ་ཡིན་ཞེས་བཤད་ཡད་པ་འགྲེལ་བརྗོད་གནང་འདུག རིན་པོ་ཆེའི་ཁྲིམས་རྩོད་པ་གཉིས་ཀྱིས་བརྗོད་དོན་ལྟར་ན་རིན་པོ་ཆེ་མཆོག་འཛིན་བཟུང་བཀག་ཉར་སྐབས་སུ་ཉིན་བཞི་དང་མཚན་མོ་བཞིའི་རིང་རྒྱ་མིའི་ཉེན་རྟོག་མི་སྣ་དྲུག་གིས་འདྲི་རྩད་ཚ་ནན་བྱས་པ་མ་ཟད་གལ་ཏེ་ཁོང་ལ་ནག་ཉེས་བཙུགས་པ་ཁག་ངོས་ལེན་མ་གནང་ཚེ་ཁོང་གིས་བདག་མོ་དང་སྲས་གཉིས་ཀྱང་འཛིན་བཟུང་བཀག་ཉར་བྱ་རྒྱུའི་སྡིགས་ར་བསྐུལ་ཡོད་ལུགས་ཀྱང་བརྗོད་ཡོད་པའི་གནས་ཚུལ་འདུག།