རྒྱའི་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཞིག་འཛིན་བཟུང་བྱས་པ།
2008.06.15
༄༅༎རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཧོང་ཆི་ཉེ་ཆར་རྒྱ་མིའི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་སྐོར་ལ་ཁོང་གི་ཆུང་མས་དེ་རིང་གསུངས་ཡོད་པ་རེད།
ཧོང་ཆི་ཡི་ཆུང་མ་ལོ་༧༤ ཡིན་པ་ཕུའུ་ལྦེན་ཆིང་ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་༡༢ཉིན་ས་ཡོམ་གྱི་གོད་ཆགས་ཆེན་པོ་བྱུང་ཡུལ་གྱི་ཟི་ཁྲོན་ཞིང་ཆེན་གྱི་གྲན་རྡུ་གྲོང་ཁྱེར་ནང་དུ་ས་ཡོམ་གྱི་གོད་ཆགས་ཕོག་པ་ཚོར་རོགས་རམ་ཆེད་དུ་སླེབས་ཡོད་པ་དང་ཁོང་གིས་ཁ་པར་རྒྱུད་ནས་ཕཱ་རན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་པར་གཞིགས་ན། ཁོང་ལ་ཉེན་རྟོག་པས་རེས་གཟའ་ཟླ་བའི་ཉིན་སྤྱི་ཚོགས་བདེ་འཇགས་ལས་ཁང་གིས་ལས་དོན་ཁག་ཅིག་ཐག་གཅོད་བྱེད་པར་ཡོང་གི་ཡོད་པ་བཤད་བྱུང་ཡིན་ན་ཡང་གནད་དོན་དེ་རྒྱུ་མཚན་གང་ལ་བརྟེན་ནས་ཡིན་མིན་སྐོར་གང་ཡང་འགྲེལ་བརྗོད་བྱས་མེད་པ་དེས་ ཧོང་ཆི་འཛིན་བཟུང་བྱེད་པར་ཡོང་རྒྱུ་ཡིན་པ་ཚོད་དཔག་བྱས་པ་བཞིན་རེས་གཟའ་མིག་དམར་ཉིན་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་གྲན་རྡུའི་ནང་ནས་དྲག་ཆས་མ་གྱོན་པའི་ཉེན་རྟོག་པ་གསུམ་གྱིས་ཧོང་ཆི་མོ་ཊ་ཞིག་ནང་བཙན་དབང་གིས་བླུགས་ཏེ་འཛིན་བཟུང་བྱས་ནས་གཟའ་འཁོང་གཅིག་ཙམ་འགྲོ་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད། ཧོང་ཆི་ནི་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་བྱ་སྤྱོད་ཐད་གདོང་ལེན་གནང་མཁན་ཞིག་ཡིན་ཞིང་ལས་དོན་དེའི་ཐོག་ནས་ཁོང་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་ཡོང་ཐོབ་ཡོད་ཅིང་། ཁོང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཡར་རྒྱས་གཏོང་ཐབས་སུ་དམིགས་པའི་འཕྲིན་གཏོང་དྲ་རྒྱ་ཞིག་གསར་འཛུགས་བྱས་ཏེ་དེའི་ནང་རྒྱ་ནག་གཞུང་གིས་ལྐོག་ཟ་རུལ་སུངས་ཀྱི་བྱ་སྤྱོད་ཐད་རང་དབང་གིས་ཞིབ་འཇུག་བྱས་པའི་གནས་ཚུལ་དང་དམངས་གཙོའི་ལྟ་ཚུལ། ཕྱི་ལོ་༡༩༨༩ ལོའི་དམངས་གཙོའི་སློབ་ཕྲུག་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་བཙོན་འཇུག་བྱས་པ་རྣམས་གློད་འགྲོལ་གཏང་དགོས་པ། དེ་བཞིན་རྒྱ་ནག་ནང་མི་གར་སོང་ཆ་མེད་དུ་གྱུར་བ་རྣམས་འཚོལ་ཐབས་དང་དེའི་ནང་ནས་བུད་མེད་དང་ཕྲུ་གུ་བཙན་ཁྲིད་དང་ནག་ཚོང་བྱེད་པའི་གྱོད་དོན་འཚོལ་གྲུབ་བྱ་རྒྱུའི་མཐུན་རྐྱེན་སྐྲུན་དགོས་པ་སོགས་ཡོད་པ་རེད།