རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་༸གོང་ས་མཆོག་ལ་སྐྱོན་འཛུགས།
2008.06.10
༄༅༎རྒྱ་ནག་ཕྱི་སྲིད་བློན་ཆེན་གྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་ཁ་བྲལ་གྱི་ལས་འགུལ་བརྒྱུད་སྐུལ་བྱ་རྒྱུ་མཚམས་འཇོག་བྱེད་དགོས་པའི་སྐྱོན་འཛུགས་བསྐྱར་ཏུ་བྱས་ཡོད་པ་རེད།
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་ཡིས་བཤད་དོན། ཏཱ་ལའི་བླ་མས་ཉེ་བའི་འཆར་གྱི་སྤེལ་བའི་བྱ་སྤྱོད་དེ་དག་ནི་བོད་ཁ་བྲལ་གྱི་ལས་འགུལ་བརྒྱུད་སྐུལ་བྱས་པ་ཞིག་ཡིན་པས་ ངེས་པར་དུ་བྱ་སྤྱོད་དེ་དག་མཚམས་འཇོག་བྱེད་དགོས་ཞེས་བཤད་ཡོད་ཅིང༌། གང་ལྟར་བོད་ནང་གི་ཛ་དྲག་གི་དཀའ་རྙོག་སེལ་ཐབས་ཐད་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་བར་གྲོས་མོལ་རིམ་པ་ཞིག་བྱས་ཡོད་མིན་ལ་མ་ལྟོས་པར་སླར་ཡང་རྒྱ་ནག་གཞུང་ཕྱོགས་ནས་༸གོང་ས་མཆོག་ལ་མུ་མཐུད་བོད་ནང་གི་ཟིང་ཆའི་དོན་རྐྱེན་རྒྱུད་བསྐུལ་བྱེད་མཁན་ཡིན་པ་སྐྱོན་འཛུགས་བྱེད་བཞིན་ཡོད་པ་དང་རེས་གཟའ་ཉི་མའི་ཉིན་དབྱང་ཅི་ཁྲི་ཡིས་སཱིཔེན་གྱི་རྒྱལ་ས་མ་ཌིརི་ཌི་ནང་གསར་འགོད་ལྷན་ཚོགས་ཤིག་ཐོག་༸གོང་ས་མཆོག་གིས་བོད་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་དང་ལས་འགུལ་དེ་མཚམས་འཇོག་མ་བྱས་ཚེ་རིང་མིན་རྒྱ་ནག་ནང་ཚོགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ལ་གནོད་འཚེ་བཟོ་གི་ཡོད་པའི་སྐོར་བཤད་ཡོད་པ་རེད།