རྒྱ་ནག་གཞུང་གིས་པན་ཆེན་སྐུ་ཕྲེང་བཅུ་པར་བསྔགས་བརྗོད།
2009.01.28
༄༅༎པཎ་ཆེན་སྐུ་ཕྲེང་བཅུ་པ་དགོངས་པ་རྫོགས་ནས་ལོ་ངོ་ཉི་ཤུ་འཁོར་བའི་དུས་ཚིགས་སུ་རྒྱ་ནག་གཞུང་གིས་ཁོང་ཁ་བྲལ་ལ་ཁ་གཏད་བཅག་མཁན་ཞིག་ཡིན་པའི་བསྔགས་བརྗོད་ཀྱི་རྩོམ་ཡིག་མི་མང་ཉིན་རེའི་གསར་ཤོག་ཐོག་བཀོད་ཡོད་པ་རེད།
པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་ཕྱི་ལོ་གཅིག་སྟོང་དགུ་བརྒྱ་བརྒྱད་བཅུ་གོ་ལྔ་ལོར་དགོངས་པ་རྫོགས་ཏེ་རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་ཡང་སྲིད་དུ་ཁྲི་འདོན་བྱས་ཡོད་ཅིང་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡང་སྲིད་འཁྲུལ་བྲལ་དུ་ངོས་འཛིན་གནང་བའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་གར་ཡོད་ཤེས་རྟོགས་མེད་པར་གྱུར་ཡོད་ནའང་བོད་རིགས་ཕལ་མོ་ཆེས་༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་ཡང་སྲིད་ལ་ཡིད་ཆེས་དད་པ་ཞུ་བ་ལས་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོར་བསྟུན་ནས་ཁྲི་འདོན་བྱས་པའི་རྒྱལ་མཚན་ནོར་བུ་ལ་རང་མོས་ཡིད་ཆེས་དང་དད་པ་ཞུ་མཁན་མེད་པ་རེད།
ང་ཚོས་པཎ་ཆེན་སྐུ་ཕྲེང་བཅུ་པའི་མཛད་པ་ནས་སློབ་སྦྱོང་ལེན་དགོས་པ་དང་ཁོང་གི་རྒྱལ་གཅེས་ཀྱི་སྙིང་སྟོབས་རྒྱུན་འཁྱོང་བྱ་དགོས་ཀྱི་རེད་ཅེས་འཐབ་ཕྱོགས་གཅིག་འགྱུར་གྱི་ཆོས་ལུགས་དང་གྲགས་ཉུང་མི་རིགས་ཚན་པའི་འགོ་འཛིན་ཏུའུ་ཆིང་ལིན་གྱིས་ཆེད་རྩོམ་སྤེལ་བའི་ནང་བཀོད་ཡོད་པ་རེད།
སྔར་ལོ་བོད་ཆོལ་ཁ་གསུམ་གྱི་ནང་རྒྱ་ནག་གཞུང་གིས་དབང་བསྒྱུར་ལ་ངོ་རྒོལ་བྱུང་བ་ལྟར་འདི་ལོ་རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་དབང་བསྒྱུར་བྱས་ནས་ལོ་ངོ་ལྔ་བཅུ་ཧྲིལ་པོ་འཁོར་བའི་དུས་ཚིགས་འཁེལ་གྱི་ཡོད་སྟབས་རྒྱ་ནག་གཞུང་ལ་བོད་རིགས་ཡོངས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལངས་ཉེན་ཆེ་བའི་དོགས་པ་བྱེད་ཀྱྱི་ཡོད་པ་རེད༎