༧གོང་ས་མཆོག་བེད་སྤྱོད་བྱས་ཚུལ་གྱིས་སྐྱོན་བརྗོད་བྱས་འདུག
2017.04.06
རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ཐད་རྒྱ་གར་གྱིས་ཏཱ་ལའི་བླ་མ་བེད་སྤྱོད་བྱས་ན་མི་འགྲིག་པ་རྒྱ་ནག་གིས་ཡང་བསྐྱར་སྐྱོན་བརྗོད་བྱས་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེ་ཁུལ་དུ་བསྐྱོངས་གནང་མཛད་བཞིན་པའི་ཆིབས་བསྒྱུར་མཛད་འཆར་ལ། རྒྱ་ནག་གཞུང་གིས་རྒྱ་གར་ལ་སྐྱོན་བརྗོད་བསྟུད་མར་བྱེད་བཞིན་པའི་ཁྲོད་ཚེས་༦་ཉིན་སླར་ཡང་རྒྱ་ནག་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཁག་གིས་རྒྱ་དཀར་ནག་གཉིས་ཀྱི་འབྲེལ་བའི་ནང་རྒྱ་གར་གྱིས་ཏཱ་ལའི་བླ་མ་བེད་སྤྱོད་བྱས་ན་མི་འགྲིག་པའི་སྐྱོན་བརྗོད་བྱས་འདུག
ཚེས་༦ཉིན་ (Daily Times) ཞེས་པའི་རྒྱ་ནག་གི་ཉེན་རེའི་གསར་ཤོག་སྟེང་། རྒྱ་གར་གྱི་ཐབས་ཇུས་ལ་ཕོང་བའི་ཏཱ་ལའི་བླ་མ་བེད་སྤྱོད་ཅེས་འགོ་བརྗོད་དུ་འཁོད་པའི་རྩོམ་བྲིས་པའི་གླེང་བརྗོད་ཞིག་སྤེལ་འདུག་པ་དང་། དེའི་ནང་རྒྱ་གར་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཨ་རུ་ན་ཅལ་མངའ་སྡེ་ཁུལ་དུ་མགྲོན་འབོད་ཞུས་པ་དེ་ཐབས་ཇུས་ཀྱི་ཆ་ནས་གླེན་རྟགས་ཞིག་དང་། བྱ་སྤྱོད་རྩུབ་པོ་ཞིག་ཡིན་ལུགས་སྐྱོན་བརྗོད་བྱས་འདུག་ལ་ལྷག་པར་དུ་རྒྱ་གར་གྱི་བློན་ཆེན་གྱི་གོ་གནས་ཡོད་པའི་Kiren Rijiju ༧གོང་ས་མཆོག་དང་ལྷན་བཅར་ཞུ་རུ་བཅུག་པ་དེ་རྒྱ་ནག་ལ་དམའ་འབེབ་ཁ་སྣོན་བྱས་པ་ཞིག་ཡིན་སྐོར་བརྗོད་ཡོད་པ་རེད།
རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་Kiren Rijiju མཆོག་གིས། རྒྱ་ནག་གཞུང་གི་སྐྱོན་བརྗོད་དང་སྐྱོན་འཛུགས་བྱེད་མིན་ལ་མ་བལྟོས་བར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་གྱི་ས་ཕྱོགས་གང་དུ་ཕེབས་ཀྱང་དེ་ལྟར་ཕེབས་རྒྱུའི་རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པ་མ་ཟད། རྒྱ་ནག་གཞུང་ནས་༧གོང་ས་མཆོག་གི་ཆིབས་བསྒྱུར་མཛད་འཆར་ཐད་རྒྱ་གར་གཞུང་ལ་དགག་བྱའི་སྐྱོན་བརྗོད་བྱེད་པ་ནི། རྒྱ་གར་གྱི་ནང་སྲིད་ལ་ཐེ་ཇུས་ཡིན་པའི་སྐོར་དགག་ལན་ཁ་གསལ་གནང་ཡོད་པ་རེད།
དེ་བཞིན་ཡང་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་་མཁའ་འགྲོ་མཆོག་གིས། རྒྱ་ནག་གི་ཕྱོགས་ནས་ཨ་རུ་ན་ཅལ་མངའ་སྡེའི་ཐོག་ཐེ་ཇུས་བྱེད་དབང་གང་ཡང་མེད་ལ་ཨ་རུ་ན་ཅལ་མངའ་སྡེའི་ཁྱིམ་ཚེས་རྒྱལ་ཁབ་ནི་བོད་ཡིན་པ་ལས་རྒྱ་ནག་མིན་ཅེས་གསལ་འདོན་གནང་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།