རྒྱ་ནག་གི་སྲིད་བློན་དབྱིན་ཡུལ་དུ་ཕེབས་སྐབས་ངོ་རྒོལ་བྱས་པ།

རྒྱ་ནག་གི་སྲིད་བློན་དབྱིན་ཡུལ་དུ་ཕེབས་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གནང་སྐབས་ཉེན་རྟོག་པས་མི་ལྔ་འཛིན་བཟུང་བྱས་པ།

2009.02.01

༄༅༎རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ནང་ཕེབས་ཡོད་པར་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གནང་སྐབས་དབྱིན་ཇིའི་ཉེན་རྟོག་པས་མི་ལྔ་འཛིན་བཟུང་བྱས་འདུག

དེ་ཡང་དབྱིན་ཇིའི་གསར་འགྱུར་ལས་ཁང་སྦི་སྦི་སིས་གནས་ཚུལ་སྤེལ་བར་གཞིག་སན་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་རྒྱལ་ས་ལོན་ཌོན་ནང་གི་རྒྱ་ནག་གཞུང་ཚབ་ཁང་དུ་འབྱོར་སྐབས་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་བརྒྱ་ཙམ་ཞིག་གིས་ངོ་རྒོལ་སྐད་འབོད་ཤུགས་ཆེ་རྒྱབ་བཞིན་ཡོད་པ་དང་ངོ་རྒོལ་བྱེད་མཁན་ཚོའི་ལག་ཏུ་བོད་ནང་མི་གསོད་ཁྲག་སྦྱོར་མཚམས་འཇོག་བྱ་དགོས།ལྦན་ཅ་པའོ་བོད་ལ་རང་དབང་འཕྲལ་དུ་སྤྲོད་དགོས་ཞེས་པའི་སྦྱར་ཡིག་འཁྱེར་ཡོད་པ་རེད། སྲིད་བློན་ལྦན་ཅ་པའོ་ཡིས་ངོ་རྒོལ་བྱེད་མཁན་གྱི་ཕྱོགས་སུ་མ་བལྟས་པར་གཞུང་ཚབ་ཁང་ནང་འཛུལ་ཡོད་པ་དང་ངོ་རྒོལ་བྱེད་མཁན་གྱི་གྲས་ནས་མི་བཅུ་གྲངས་ཤིག་གིས་མདུན་ལ་ཤོར་རྩིས་བྱས་ཡོད་ཀྱང་དབྱིན་ཡུལ་གྱི་ཉེན་རྟོག་པས་མི་འགའ་ཤས་འཛིན་བཟུང་བྱས་ཡོད་པ་སྦི་སྦི་སི་གསར་ལས་ཁང་གི་གསར་འགོད་པས་འགྲེལ་བརྗོད་བྱས་འདུག

ལོན་ཌོན་གྲོང་ཁྱེར་གྱི་ཉེན་རྟོག་པས་ཁུལ་དེའི་ནང་གི་ཞི་བདེར་སྲུང་བརྩི་མ་ཞུས་པའི་ནག་ཉེས་འོག་མི་ལྔ་འཛིན་བཟུང་བྱས་ཡོད་པ་ཁས་ལེན་བྱས་བཞག རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་ལ་ངོ་རྒོལ་བྱེད་མཁན་གྱི་གྲས་ནས་བོད་རིགས་ཨོ་རྒྱན་ནོར་བུ་ལགས་ཞུ་བ་ཞིག་ནས་གསར་འགོད་པར་འདས་པའི་ཟླ་ཤས་ནང་རྒྱ་ནག་གིས་བོད་ནང་བོད་མི་སྟོང་ཕྲག་མང་པོ་འཛིན་བཟུང་དང་དམར་བསད་བཏང་ཡོད་པར་བརྟེན་བོད་ནང་གི་གཞིས་ལུས་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱ་ཕྱིར་ཁོང་ལྦན་ཅ་པའོ་ལ་ངོ་རྒོལ་གནང་བར་རྒྱ་ནག་གཞུང་ཚབ་ཁང་མདུན་ཕེབས་ཡོད་སྐོར་འགྲེལ་བརྗོད་གནང་འདུག ལྦན་ཅ་པའོ་ད་རེས་དབྱིན་ཡུལ་ནང་ཉིན་གསུམ་དང་དེ་ནས་ཇར་མ་ནི་དང་སེ་པེན་བཅས་ཡུ་རོབ་ཡུལ་ཁག་ལ་གཟིགས་སྐོར་གནང་རྒྱུ་ཡིན་པ་དང་དེའི་གོང་དེར་ཁོང་ཡུ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱི་ལས་ཁང་ལྟེ་བ་ཡོད་པའི་གྲོང་ཁྱེར་སྦ་ར་སེལ་སི་དང་དེ་ནས་སུད་སི་གྲོང་ཁྱེར་ཌ་ལྦོ་སི་ནང་འཛམ་གླིང་ཚོང་དོན་ལྷན་ཚོགས་ནང་མཉམ་ཞུགས་གནང་བར་ཕེབས་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དཀའ་ཁག་ཆེ་བའི་དུས་སྐབས་འདིར་༸རྒྱལ་དབང་རིན་པོ་ཆེ་ཡོད་བསམ་ནས་བློ་བདེ་པོ་བྱོས་ཞེས་མཇལ་བཅར་བ་ཚོར་བཀའ་སྩལ་མཛད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎