དམར་བསད་བཏང་བའི་བོད་མིའི་མ་རྒན་འཛིན་བཟུང༌།
2012.02.17
༄༅།།ཡེ་ཤེས་རིག་གསལ་སྤུན་གཉིས་ཀྱི་ཨ་མ་རང་ལོ་ ༧༠ ཡས་མས་ཡིན་པ་སངས་ལྷ་དང་ཁོང་གཉིས་དང་ཕ་མ་གཅིག་པའི་སྤུན་ཡོན་ཏན་བཟང་པོ། ཡོན་ཏན་བཟང་པོའི་བུ་མོ་ཆུང་ཆུང་བཅས་འཛིན་བཟུང་བྱས་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ནང་གནས་ཚུལ་ཐོན་པར་གཞིགས་ན། ཕྱི་ཟླ་ ༢ ཚེས་ ༩ ཉིན་བོད་ཁམས་བྲག་མགོ་རྫོང་ནོར་ཆུང་ཤང་གི་འབྲོག་སར་ཕ་དགའ་རབ་ཉི་མ་དང་མ་སངས་ལྷ་གཉིས་ཀྱི་བུ་རང་ལོ་ ༤༠ ཡིན་པ་དགེ་འདུན་ཡེ་ཤེས་རིག་གསལ་ལགས་དང་། རང་ལོ་ ༣༨ ཡིན་པ་ཡེ་ཤེས་བསམ་འགྲུབ་ལགས་གཉིས་རྒྱ་གཞུང་གི་དྲག་དམག་གིས་དམར་གསོད་བཏང་ཡོད་པ་དང་། ཕྱི་ཚེས་ ༡༦ ཉིན་སླར་ཡང་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན། གོང་ཚེས་ཉིན་ཡེ་ཤེས་རིག་གསལ་སྤུན་གཉིས་ཀྱི་ཨ་མ་རང་ལོ་ ༧༠ ཡས་མས་ཡིན་པ་སངས་ལྷ་དང་ཁོང་གཉིས་དང་ཕ་མ་གཅིག་པའི་སྤུན་ཡོན་ཏན་བཟང་པོ། ཡོན་ཏན་བཟང་པོའི་བུ་མོ་ཆུང་ཆུང་བཅས་འཛིན་བཟུང་བྱས་འདུག ད་ལྟ་མང་ཚོགས་ཁྲོད་དུ་ཡོན་ཏན་བཟང་པོ་ཤི་ཚར་ཡོད་པའི་གནས་ཚུལ་སྒྲོག་བཞིན་ཡོད་ཀྱང་ཤི་གསོན་གྱི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མི་འདུག
གཞན་ཡང་ཁོང་ཚོའི་གཉེན་ཉེ་དྭ་ཕྲུག་ལོ་བཅུ་བཞི་ཙམ་ཡིན་པ་བུ་མོ་ལྷ་སྐྱིད་སྒྲོལ་མ་དང་ཁོ་མོའི་གཅུང་མོ་དབྱངས་ཅན་སྐྱིད་གཉིས་སློབ་གྲྭའི་གུང་སེང་སྐབས་ཁོང་ཚོའི་ནང་དུ་སླེབས་ཡོད་སྟབས། ཁོང་གཉིས་ལ་ཡང་རྨས་སྐྱོན་ཕོག་ཡོད་པ་མ་ཟད་འཛིན་བཟུང་བྱས་འདུག འོན་ཀྱང་ཡེ་ཤེས་བསམ་འགྲུབ་ཀྱི་བཟའ་ཟླ་དང་བུ་ཕྲུག་བཞི་ཡོད་པ་བཅས་ལ་ཅི་ཞིག་བྱུང་ཡོད་མེད་གནས་ཚུལ་ཤེས་རྟོགས་ཐུབ་མེད། སྤྱིར་ཁོང་ཚོར་ཕ་མ་གཅིག་པའི་བུ་མོ་གཅིག་དང་བུ་ལྔ་བཅས་མིང་སྲིང་དྲུག་ཡོད་ནའང་ཚང་མས་ཁྱིམ་ཚང་ལོགས་སུ་བཟུང་འདུག དེང་སྐབས་བྲག་མགོར་རྒྱ་དམག་གིས་ཚད་ལས་བརྒལ་བའི་དམ་བསྒྲགས་བྱེད་བཞིན་ཡོད་པ་མ་ཟད། ཡུལ་མི་མང་པོ་འཛིན་བཟུང་བྱས་དང་བྱེད་མུས་ཡིན་པའི་གནས་ཚུལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་བཀོད་འདུག།