དབྱིན་ཇིའི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་མཇལ་མོལ།
2009.02.02
༄༅༎དབྱིན་ཇིའི་སྲིད་བློན་གོར་ཌེན་སྦ་རའོན་དང་རྒྱ་ནག་གི་སྲིད་བློན་ལྦན་ཅ་པའོ་རྣམ་གཉིས་མཇལ་མོལ་གནང་ནས་དེང་སྐབས་འཕྲད་བཞིན་པའི་འཛམ་གླིང་གི་དཔལ་འབྱོར་དཀའ་ངལ་དང་ཕན་ཚུན་ཚོང་འབྲེལ་གྱི་གནད་དོན་སྐོར་བཀའ་མོལ་གནང་ཡོད་པ་རེད།
དབྱིན་ཇིའི་སྲིད་བློན་སྦ་རའོན་མཆོག་གིས་དབྱིན་ཇིའི་ངོས་ནས་རྒྱ་ནག་དང་འབྲེལ་ལམ་དམ་ཟབ་གནང་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པའི་སྐོར་གསུང་ཡང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་གནང་མཁན་རྣམས་ཀྱིས་རྒྱ་ནག་དང་འབྲེལ་ལམ་གཟབ་དྲགས་ན་དེས་ཉེན་ཁ་ཞིག་ཆགས་ཀྱི་ཡོད་སྐོར་གསུང་གི་ཡོད་པ་རེད། རེས་གཟའ་ཉི་མ་ཉིན་བོད་མི་དང་བོད་དོན་རྒྱབ་བསྐྱོར་གནང་མཁན་རྣམས་ཀྱིས་རྒྱ་ནག་གཞུང་ཚབ་མདུན་རྣོ་ངར་ལྡན་པའི་ངོ་རྒོལ་གྱི་ལས་འགུལ་སྤེལ་གནང་སྐབས་མི་གྲངས་ལྔ་ལྦན་ཅ་པའོ་ཉེ་འཁྲིས་འགྲོ་ཐབས་བྱེད་སྐབས་བསྐོར་སྲུང་བས་འཛིན་བཟུང་བྱས་ཡོད་པ་རེད། སྐབས་དེར་རྒྱ་ནག་ལ་རྒྱབ་བསྐྱོར་བྱེད་མཁན་རྒྱ་མི་གྲངས་བརྒྱ་ཡིས་གཞུང་ཚབ་ལས་ཁང་དུ་སླེབས་སྟེ་སྲིད་བློན་ལྦན་ལ་དགའ་བསུ་ཞུས་ཡོད་པ་རེད། དབྱིན་ཇིའི་སྲིད་བློན་དང་རྒྱ་ནག་གི་སྲིད་བློན་རྣམ་གཉིས་བར་འདི་ལོའི་ནང་འཛུགས་སྐྲུན་ཡར་རྒྱས་ལྡན་པའི་ཡུལ་ཁག་དང་ཡར་རྒྱས་འགྲོ་བཞིན་པའི་ཡུལ་ཁག་ཆེ་ཁག་གི་ཚོགས་པ་ཉི་ཤུ་ཞེས་པའི་ཡུལ་ཁག་ཉི་ཤུའི་ལྷན་ཚོགས་དེ་དབྱིན་ཡུལ་དུ་གནང་གི་ཡོད་པ་དེའི་སྐོར་ཡང་བཀའ་མོལ་བྱུང་ཡོད་པ་རེད། ད་ཐེངས་ཀྱི་རྒྱ་ནག་གི་སྲིད་བློན་ལྦན་གྱི་ཡོ་རོབ་ནང་གི་ཡུལ་ཁག་ཅིག་གི་རྒྱལ་དོན་འཚམས་གཟིགས་དེ་ཚོང་དོན་དང་སྔ་ལོ་ཕེ་རན་སིའི་སྲིད་འཛིན་ནི་ཀོ་ལ་སེ་སར་ཀོ་ཛི་མཆོག་གིས་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་གནང་བར་དེས་རྐྱེན་གྱིས་ཡོ་རོབ་དང་རྒྱ་ནག་བར་གྱི་འབྲེལ་བའི་ཐོག་དོ་ཕོག་ཐེབས་པར་འབྲེལ་བ་སླར་གསོའི་ཆེད་ཕེབས་པ་ཞིག་ཡིན་པ་རེད།