རྒྱ་ནག་གི་སྲིད་བློན་ཡོ་རོབ་ཡུལ་གྲུ་ཁག་ཅིག་ཏུ་འཚམས་འདྲི།

རྒྱ་ནག་གི་སྲིད་བློན་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ནང་བསྐྱོད་སྐབས་རྒྱ་ནག་གི་ཕྱི་སྲིད་ཀྱི་དམིགས་ཡུལ་ཁག་འགྲུབ་རྒྱུའི་ཆེད་འབད་བརྩོན་གནང་རྒྱུ།

2009.01.26

༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཡོ་རོབ་ཀྱི་ཡུལ་གྲུ་ཁག་ཅིག་ནང་བསྐྱོད་སྐབས་ཡོ་རོབ་ཀྱི་ད་ལྟའི་དཔལ་འབྱོར་དཀའ་རྙོག་སེལ་ཕྱོགས་ཐོག་རྒྱབ་བསྐྱོར་གྱི་རྣམ་པ་སྟོན་ཞོར་དུ་རྒྱ་ནག་གི་ཕྱི་སྲིད་ཀྱི་དམིགས་ཡུལ་ཁག་འགྲུབ་རྒྱུའི་ཆེད་འབད་བརྩོན་གནང་རྒྱུ་ཡིན་པ་རེད།

རེས་གཟའ་མིག་དམར་ཉིན་ནས་འགོ་འཛུགས་གནང་རྒྱུའི་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་མཆོག་གི་ཡོ་རོབ་ཀྱི་ཉིན་བདུན་རིང་གི་གཟིགས་བསྐོར་དེའི་སྐབས་གཟིགས་བསྐོར་ཕེབས་ཡུལ་དེ་དག་དང་གྲོས་མཐུན་ཁག་ཅིག་འཇོག་གནང་རྒྱུའི་འཆར་གཞི་ཡོད་པ་དང་ཡུལ་ཁག་དེ་དག་གི་དཔལ་འབྱོར་ཀྱི་དཀའ་རྙོག་སེལ་རྒྱུའི་ཐོག་རྒྱབ་བསྐྱོར་གྱི་རྣམ་པ་བཏོན་གནང་རྒྱུ་ཡིན་པ་རེད། ཡོ་རོབ་སྤྱི་མཐུན་གྱི་ཕྱི་སྲིད་ལས་དོན་ཐོག་ཕྱག་ལས་གནང་མཁན་དང་དེ་སྔ་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་དབྱིན་ཇིའི་གཞུང་ཚབ་ཁང་ནང་ཕྱག་ལས་གནང་མྱོང་ཡོད་མཁན་སྐུ་ཞབས་ཇོན་ཕོཀ་སི་ཡིས་དབྱིན་ཇིའི་སྲིད་བློན་ལས་ཁུངས་ནས་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་མཆོག་གི་ད་ཐེངས་ཀྱི་གཟིགས་བསྐོར་དེ་དཔལ་འབྱོར་རྐྱང་པའི་གནད་དོན་ཞིག་ལ་གཟིགས་ཀྱི་ཡོད་ནའང་རྒྱ་ནག་ངོས་ནས་ཡོ་རོབ་སྤྱི་མཐུན་དང་མི་མཐུན་པའི་དཀའ་རྙོག་ཁག་སེལ་རྒྱུའི་ཐོག་རེ་བ་གནང་གི་ཡོད་སྐོར་གསུང་འདུག རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་མཆོག་ད་ཐེངས་ཡོ་རོབ་ཀྱི་ཡུལ་གྲུ་སུད་ཛི་ལེནདྲི་ནང་འཛམ་གླིང་གི་དཔལ་འབྱོར་གླེང་སྟེགས་དེར་བཅར་རྒྱུ་དང་དེ་ནས་ཁོང་ཇར་མ་ནི་དེ་རྗེས་ཡོ་རོབ་སྤྱི་མཐུན་གྱི་རྒྱལ་ས་སྦ་ར་སེལ་སི་དང་སེ་པེན་དང་དབྱིན་ཡུལ་བཅས་པའི་ཡུལ་ཁག་ནང་ཕེབས་རྒྱུའི་འཆར་གཞི་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་གྱིས་པ་ཀིསྟན་ནང་གི་དྲག་སྤྱོད་པའི་ས་ཚིགས་ལ་རྒོལ་རྡུང་བཏང་བར་རྒྱ་ནག་གིས་བློ་འགྱོད་ཡོད་སྐོར་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཡེ་ཤུའི་བླ་ཆེན་པོབ་ལེའུ་བཅུ་བཞི་པ་མཆོག་ལ་འཚམས་འདྲི་མཛད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎