ཁམས་སྡེ་དགེ་དགོན་པའི་དགེ་འདུན་པ་ལྔ་ལ་མེ་མདའ་བརྒྱབ་པ།
2009.02.02
༄༅༎བོད་ཁམས་དཀར་མཛེས་ས་ཁུལ་གྱི་ཁྱབ་ཁུལ་ཡིན་པའི་སྡེ་དགེ་དགོན་ཆེན་གྱི་དགེ་འདུན་པ་ལྔས་ངོ་རྒོལ་བྱས་པའི་སྐབས་རྒྱ་ནག་ཉེན་རྟོག་དམག་མིས་མེ་མདའ་བརྒྱབ་པའི་གནས་ཚུལ་ཞིག་ཤེས་རྟོགས་བྱུང་འདུག
དེ་ཡང་བོད་ཀྱི་མང་གཙོ་འཕེལ་རྒྱས་དང་མང་གཙོ་ལྟེ་གནས་ཁང་གིས་ངེས་སྟོན་པ་འཇམ་དཔལ་སྨོན་ལམ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལྟར་ན་རེས་གཟའ་མིག་དམར་ཉིན་བོད་ཀྱི་ཁམས་སྡེ་དགེ་དགོན་ཆེན་གྱི་དགེ་འདུན་པ་ལྔས་བོད་ལ་རང་བཙན་དགོས་པའི་སྐད་འབོད་དང་ངོ་རྒོལ་བྱས་པར་བརྟེན་ས་གནས་རྒྱ་ནག་ཉེན་རྟོག་དམག་མི་འབོར་ཆེན་འབྱོར་ནས་དགེ་འདུན་པ་དེ་དག་འཛིན་བཟུང་དོ་དམ་བྱས་པའི་གནས་ཚུལ་མཐོང་མཁན་བྱུང་ཡོད་པའི་སྐོར་འགྲེལ་བརྗོད་གནང་ཡོད་པ་དང་དེ་མ་ཟད་བཙན་བྱོལ་བོད་གཞུང་གི་ཕྱི་འབྲེལ་དྲུང་ཆེ་དགས་པོ་བསོད་ནམས་ནོར་བུ་ལགས་ཀྱིས་ཀྱང་རྒྱ་ནག་ཉེན་རྟོག་པས་མེ་མདའ་བརྒྱབ་པའི་གནས་ཚུལ་བྱུང་ཡོད་པ་འགྲེལ་བརྗོད་གནང་འདུག
འདི་ག་རླུང་འཕྲིན་ཁང་ནས་སྡེ་དགེ་དགོན་ཆེན་རྫོང་གི་ཆོས་དོན་ལས་ཁང་གི་དཔོན་རིགས་ཤིག་ལ་ཞལ་དཔར་ཐོག་འབྲེལ་བ་ཞུ་དུས་གནས་ཚུལ་བྱུང་ཡོད་མེད་གསལ་པོ་གསུངས་འདོད་གནང་མེད་པ་དང་གནས་ཚུལ་དེ་རིགས་ཉེན་རྟོག་དམག་མི་དང་རྫོང་གི་དཔོན་རིགས་ཚོར་འདྲི་དགོས་པའི་བསམ་ཚུལ་བཏོན་ཡོད་པ་བཞིན་སྡེ་དགེ་རྫོང་གི་ལས་བྱེད་ཅིག་ལ་འདྲི་རྩད་ཞུས་དུས་དོན་རྐྱེན་བྱུང་ཡོད་ཀྱི་གནས་ཚུལ་གང་ཡང་གསུངས་མེད་པ་རེད།
རྒྱ་ནག་གི་ཞི་ཁྲོན་ཞིང་ཆེན་ཁྱབ་ཁུལ་དུ་བཅུག་ཡོད་པའི་དཀར་མཛེས་བོད་རིགས་ས་ཁུལ་ནང་དུ་རྫོང་ཁག་བཅོ་བརྒྱད་ཡོད་པའི་ནང་ནས་སྡེ་དགེ་དགོན་ཆེན་རྫོང་གཅིག་ཡིན་པ་དང་དཀར་མཛེས་ས་ཁུལ་གྱི་དཀར་མཛེས་རྫོང་དང་བྲག་འགོ་རྫོང་དེ་ནས་རྟའུ་རྫོང་དེ་བཞིན་གསེར་རྟ་རྫོང་གི་ནང་དུ་འདས་པའི་ལོའི་ནང་དུ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་བྱུང་ཡོད་པ་དང་ལྷག་པར་དུ་དཀར་མཛེས་རྫོང་ཐོག་ཏུ་ཉེ་སྔོན་བོད་རིགས་ན་གཞོན་ཁག་གཉིས་ཀྱིས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་བཅས་ཀྱི་གནས་ཚུལ་ཐོན་ཡོད་པ་རེད༎