རྒྱ་མིའི་དམག་མི་ཞིག་ལ་མེ་མདའ་རྒྱབ་ཡོད་པ།
2009.03.20
༄༅༎རྒྱ་ནག་གི་གྲུང་ཆིང་གྲོང་ཁྱེར་གྱི་དམག་དཔུང་ལྟེ་གནས་ཁང་ཞིག་གི་སྒོ་འགྲམ་དུ་གཟའ་ཕུར་བུའི་དགོངས་མོ་སུ་ཡིན་ཤེས་རྟོག་གསལ་པོ་མེད་པའི་མིས་མེ་མདའ་རྒྱབ་ནས་རྒྱ་ནག་མི་དམངས་བཅིངས་བཀྲོལ་དམག་དཔུང་གི་གོ་སྲུང་བ་ཞིག་དམར་བསད་བཏང་ཡོད་པ་དང་འབྲེལ་ཁོ་པའི་ལག་འཁྱེར་མེ་མདའ་དེ་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་རྒྱུད་ལམ་དང་དེ་མིན་རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་གཞན་ཁག་གི་ཐོག་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་གསར་འགྱུར་རྒྱུད་ལམ་ཁག་གིས་སྤེལ་བའི་གནས་ཚུལ་ནང་འཁོད་པར་གཞིགས་ན་སྒོ་སྲུང་དམག་མི་དེའི་ལག་འཁྱེར་མེ་མདའ་དེ་བཞིན་ཁོ་པར་མེ་མདའ་རྒྱབ་མཁན་ཚོས་འཁྱེར་བ་ཞིག་ཡིན་ལུགས་དང་མེ་མདའ་རྒྱབ་མཁན་གྱི་གྲས་སུ་མི་ག་ཚོས་ཡོད་མེད་ཤེས་རྟོག་གསལ་པོ་མེད་པའི་སྐོར་འཁོད་འདུག གྲུང་ཆིང་ཉེན་རྟོག་ལས་ཁང་གི་འབྲེལ་ཡོད་དཔོན་རིགས་ནས་དེའི་སྐོར་གནས་ཚུལ་ངོ་སྤྲོད་བྱས་པའི་ནང་ཉེན་རྟོག་པ་དང་དམག་དཔུང་བཟུང་འབྲེལ་ཐོག་ནས་གོང་ཞུས་ཀྱི་གནད་དོན་ཐོག་བརྟག་དཔྱད་བྱེད་འགོ་བཙུགས་ཟིན་པ་བརྗོད་པ་ལས་དེ་མིན་གྱི་ཞིབ་ཕྲའི་གནས་ཚུལ་གང་ཡང་འགྲེལ་བརྗོད་བྱས་མེད་ཅིང་ས་གནས་མི་མང་གིས་གནས་ཚུལ་བརྗོད་པར་གཞིགས་ན་མེ་མདའ་རྒྱབ་པའི་དོན་རྐྱེན་དེ་བྱུང་ནས་སྐར་མ་བཅོ་ལྔ་ཙམ་གྱི་རྗེས་སུ་ཉེན་རྟོག་མི་སྣ་ས་གནས་དེར་འབྱོར་ཡོད་པ་དང་ད་ཆ་དེའི་བརྒྱུད་ཀྱི་ལམ་ཁ་ཚང་མ་བཀག་ནས་མོ་ཊ་ཕར་འགྲོ་ཚུར་འོང་བྱེད་མཁན་ཚང་མར་བརྟག་དཔྱད་ནན་པོ་བྱེད་བཞིན་པ་མ་ཟད་དེའི་བརྒྱུད་ཀྱི་སློབ་གྲྭ་དང་ཚོང་ཁང་གྲོང་མི་གནས་སྡོད་བྱེད་ས་ཚང་མ་བདེ་འཇགས་དམག་མི་བཏང་ནས་དོ་དམ་ནན་པོ་བྱེད་བཞིན་ཡོད་འདུག།