རྒྱ་ནག་གཞུང་གིས་མེ་སྐྱོན་སྔོན་འགོག་ཆེད་སྐུལ་དེད་བྱེད་པ།
2009.11.08
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ས་ཁུལ་ཁག་ཅིག་ནང་ཤིང་ནག་ལ་མེ་སྐྱོན་ཡོང་བ་དེ་དག་སྔོན་འགོག་གི་ལས་དོན་ཤུགས་ཆེ་རུ་གཏོང་དགོས་པའི་སྐུལ་དེད་བྱེད་བཞིན་ཡོད་པ་དང་དེ་ནི་ས་ཁུལ་དེ་དག་ནང་དུ་ཆར་ཆུ་དུས་ཐོག་ལ་མི་འབབ་པར་ཐེན་པ་བསྟེན་པའི་དུས་ཡུན་རིང་པོའི་དཀའ་ངལ་སེལ་ཐབས་ཀྱི་ཆེད་དུ་དམིགས་པ་ཞིག་ཡིན་པ་རེད།
དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་གར་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལུང་འདྲེན་བྱས་པའི་ནང་རྒྱ་ནག་གི་སྲིད་བློན་གཞོན་པ་ཧུ་ལེང་གྱུ་ཡིས་ས་གནས་སོ་སོའི་དཔོན་རིགས་ཚོར་ནགས་ཚལ་མེ་སྐྱོན་སྔོན་འགོག་གི་ལས་དོན་ཤུགས་ཆེ་རུ་གཏོང་དགོས་པའི་བཀོད་ཁྱབ་བཏང་སྟེ་དེ་ལྟར་མ་བྱས་པ་ཡིན་ཚེ་རང་འབྱུང་གི་མེ་སྐྱོན་གྱི་གནོད་འཚེ་དེ་ཡིས་རྒྱ་ནག་གི་ལྷོ་ཕྱོགས་ཁུལ་དུ་ཐེན་པའི་དཀའ་ངལ་ཛ་དྲག་གི་ཉེན་ཁ་ཚབས་ཆེ་རུ་འགྲོ་རྒྱུ་ཡིན་པ་བཤད་ཡོད་ཅིང་རྒྱ་ནག་གི་ལྷོ་ཕྱོགས་ཕྷུ་ཅང་དང་ཧུ་ནན། ཅང་ཤི་ཞིང་ཆེན་གསུམ་དང་ཀུའང་ཤི་ཀྲོང་རང་སྐྱོང་ས་ཁུལ་ནང་དུ་ནགས་ཚལ་མེ་སྐྱོན་གྱི་གནས་ཚུལ་ཐེངས་འགའ་ཤས་བྱུང་མྱོང་ཡོད་པ་རེད། རྒྱ་ནག་གི་ནགས་ཚལ་མེ་སྐྱོན་སྔོན་འགོག་ལས་ཁང་གི་འགོ་ཁྲིད་ཅཱ་ཀྲི་པང་གིས་ས་གནས་སོ་སོའི་གཞུང་གི་དཔོན་རིགས་ཚོར་མེ་སྐྱོན་གྱི་ཉེན་ཁའི་རྟོགས་ཞིབ་ཀྱི་ལས་དོན་ཤུགས་ཆེ་གཏོང་དགོས་པ་དང་ལྷག་པར་དུ་མེ་སྐྱན་གྱི་འབྱུང་རྩ་མེད་པ་བཟོ་ཐབས་ཀྱི་ལས་དོན་ལག་བསྟར་བྱ་དགོས་པའི་འབོད་སྐུལ་བྱས་ཡོད་པ་རེད།
རྒྱ་ནག་གཞུང་གི་ཆུ་ལོག་གི་གནོད་འཚེ་འགོག་ཐབས་དང་ཐེན་པའི་དཀའ་ངལ་རོགས་སྐྱོར་ལས་ཁང་གིས་འགྲེལ་བརྗོད་བྱས་པར་གཞིགས་ན་རྒྱ་ནག་ནང་དུ་ཆར་ཆུ་དུས་ཐོག་ཏུ་མི་འབབ་པར་དུས་ཡུན་རིང་པོ་ནས་ས་ཞིང་ཐེན་པ་བསྟེན་པའི་དཀའ་ངལ་དེ་ཡིས་རྒྱ་ནག་མི་དམངས་ས་ཡ་གཉིས་དང་ཕྱེད་ཀ་ཙམ་ལ་འཐུང་ཆུ་མི་འདེངས་བའི་དཀའ་ངལ་ཆེན་པོར་ལྷུངས་ཡོད་པ་དང་ས་ཞིང་མུའུ་ས་ཡ་བཅུ་དགུ་ཙམ་ལ་གནོད་འཚེའི་ཤུགས་རྐྱེན་ཐེབས་ཡོད་པ་རེད།