སྲིད་སྐྱོང་དང་སྤྱི་འཐུས་འོས་མི་མིང་འདོན་བྱེད་རྒྱུ་མིན།
2015.08.31
མདོ་ཁམས་ཆུ་བཞི་སྒང་དྲུག་གིས་འབྱུང་འགྱུར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་འདོན་རྒྱུ་མིན་པ་སྤྱི་མོས་བྱུང་བ།
འདི་ཚེས་༣༠ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་མདོ་ཁམས་ཆུ་བཞི་སྒང་དྲུག་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། འདི་ལོ་དབུས་རྒྱུན་སྐབས་༢༠ཚོགས་ཐེངས་ལྔ་པའི་ཐོག་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་གཞི་མི་འདོན་རྒྱུའི་སྤྱི་མོས་གྲོས་ཆོད་བྱུང་ཡོད་པ་དང་། དེའི་རྒྱུ་མཚན་ནི། དང་པོ། ༧རྒྱལ་བའི་དགོངས་པ་བཞིན་མང་ཚོགས་ཀྱིས་མང་གཙོའི་ཁེ་དབང་ཡང་དག་པ་ཞིག་ལོངས་སུ་སྤྱོད་ཐུབ་པའི་ཆེད་དང༌།
གཉིས་པ། ད་ལྟའི་བརྡ་འཕྲིན་གྱི་དུས་རབས་འདིར་ཕན་ཚུན་འབྲེལ་ལམ་དང་། རྒྱུས་ལོན་ཡོང་རྒྱུར་དེ་ཙམ་ཁག་པོ་མེད་པ་སོགས་ལ་བརྟེན་སྲིད་སྐྱོང་དང་། སྤྱི་འཐུས་འདེམས་སྒྲུག་བྱེད་པར་རྣམ་དཔྱོད་ལྡན་པའི་གོ་རྟོགས་ངོས་འཛིན་བྱེད་ཀྱིན་ཡོད་པ་དང་།
གསུམ་པ། འདི་ལོ་མདོ་སྟོད་ཀྱི་གཞོན་སྐྱེས་འདབ་གཤོག་གཉིས་ལྡན་ཅན་གྱི་དངས་བླངས་འོས་མི་མང་པོ་ཞིག་ཐོན་ཡོང་བཞིན་འདུག་པས། དེ་དག་ཚང་མར་ཆེ་ཐོངས་དང་གུས་བཀུར་ཞུས་ཏེ་འོས་མི་ཟུར་འདོན་ཞུ་མ་དགོས་པ་བྱས་པ་ཡིན་བཅས་འགྲེལ་བརྗོད་བྱས་འདུག
མཐའ་དོན། རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཀྱི་ལ་རྒྱ་མ་ཤོར་བའི་ཐོག་འདས་པའི་ཕ་མེས་དམ་པ་ཚོས་དཀའ་བ་ཁྱད་དུ་བསད། ངལ་བ་དང་དུ་བླངས་ཏེ་དགྲ་རྒོལ་བོད་སྐྱོབ་ཀྱིས་བོད་ཀྱི་སྲིད་པ་འདི་ཇི་ལྟར་བསྐྱངས་པའི་བྱུང་རབས་ཁག་ལ་རྒྱུས་ལོན་བྱས་ཏེ། ༧གོང་ས་མཆོག་གི་རླབས་ཆེན་དགོངས་བཞེད་ལྟར་ད་ལྟའི་བོད་ཀྱི་ཆེས་དཀའ་སྡུག་གཉན་འཕྲང་ཅན་གྱི་དུས་ཚོད་འདིར་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་མི་ཚད་ལྡན་རེ་འདོན་ཐུབ་པའི་རེ་བ་དང་ཡིད་ཆེས་གཙང་མ་བྱེད་བཞིན་ཡོད་ཅེས་འཁོད་འདུག
གསར་འགོད་པ་ཀརྨ་རྒྱ་མཚོ།
འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བར་གསན་རོགས་ཞུ༎
གསར་འགོད་པ་བསོད་ནམས་དབང་འདུས།