ནག་ཆུའི་ཁུལ་བོད་མི་དང་རྒྱའི་དམག་དཔུང་དབར་འཁྲུག་འཛིང་།
2009.02.19
༄༅༎ཁ་ས་ནག་ཆུའི་ས་ཁུལ་དུ་བོད་མི་དང་རྒྱ་མིའི་དམག་དཔུང་གི་དབར་འཁྲུག་འཛིང་གང་ཆེ་ཞིག་བྱུང་ཡོད་པའི་སྐོར་ས་གནས་སུ་གནས་ཚུལ་དངོས་མཐོང་བྱུང་བའི་མཚོན་འདོན་གནང་འདོད་མེད་པའི་མི་སྣ་ཞིག་གིས་དེ་ག་གསར་ཁང་ལ་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
ཁུངས་ལྡན་གནས་ཚུལ་ངོ་སྤྲོད་གནང་བ་པོ་དེས་གསུངས་ན་བོད་མི་དང་རྒྱ་ནག་ཉེན་རྟོག་སྐོར་སྲུང་བའི་དབར་འཁྲུག་འཛིང་དེ་ཕྱི་ཚེས་བཅུ་དགུའི་སྔ་འདྲོའི་ཚོུད་བཅུ་པ་ཙམ་ལ་རྒྱ་མིའི་འགྲུལ་བསྐྱེལ་མོ་ཊ་གཏོང་མཁན་ཞིག་གིས་ནག་ཆུ་རྫོང་གནམ་མཚོ་ཁུལ་ནས་ཡིན་པའི་བོད་མི་འགྲུལ་བསྐྱེལ་མོ་ཊ་གཏོང་མཁན་ཞིག་གི་འགྲུལ་པ་དབང་ཡོད་ཀྱིས་རང་གི་མོ་ཊའི་ནང་བཅུག་ཐབས་བྱས་ཏེ་བོད་མི་དེར་ཚིག་རྩུབ་བཤད་སྐབས་བོད་མི་དེ་ཁོང་ཁྲོས་ཕན་ཚུན་རྩོད་གླེང་དང་བཞུས་རེས་བྱས་ཡོད་པར་ས་གནས་ཀྱི་འགྲིམ་འགྲུལ་བདེ་འཇགས་སྲུང་སྐྱོབ་བྱེད་མཁན་རྒྱ་མིའི་ཉེན་རྟོག་དཔོན་རིགས་ཤིག་གིས་རྒྱ་མིའི་མོ་ཊ་གཏོང་མཁན་འདིའི་ཕྱོགས་བྱས་ཏེ་བོད་མི་མོ་ཊ་གཏོང་མཁན་དེར་རྡུང་རྡེག་གིས་འཇུ་བཟུང་བྱས་པའི་སྐབས་ས་ཁུལ་བོད་མི་ཚོས་རྒྱ་མིའི་ཉེན་རྟོག་པ་དེར་བོད་མི་དེ་འཇུ་བཟུང་བྱ་མི་དགོས་པའི་ཞུ་འབུལ་བྱས་ཀྱང་ཁོ་པས་མ་ཉན་པར་བོད་མི་མང་དུ་འགྲོ་བཞིན་པ་མཐོང་མཚམས་ཁོ་པས་ཉེན་རྟོག་ལས་ཁང་ལ་ཁ་པར་བཏང་སྟེ་དྲག་ཆས་ཉེན་རྟོག་དམག་དཔུང་ཕོན་ཆེ་འབྱོར་ཏེ་བོད་མི་རྣམས་མཐའ་བསྐོར་བྱས་ཡོད་པ་དང་སྐབས་དེར་བོད་མི་ཞིག་གིས་རྒྱ་མི་ཕྱིར་ལོག་བྱ་དགོས།ང་ཚོའི་ས་ཆ་རྩིས་སྤྲོད་བྱ་དགོས།༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱིར་ལོག་ཕེབས་དགོས་ཞེས་པའི་འབོད་ཚིག་བསྒྲགས་པ་དང་བོད་མི་གཞན་ཚོས་ཀྱང་དེའི་རྗེས་སུ་འབོད་ཚིག་བསྒྲགས་ཏེ་ཉེན་རྟོག་དམག་དཔུང་ལ་འཁྲུག་ཟིང་གིས་ཉེན་རྟོག་དཔུང་དམག་གི་མོ་ཊ་ཁག་ཅིག་མེར་བསྲེགས་བཏང་བ་དང་རྒྱ་མིའི་ཉེན་རྟོག་པས་བོད་མིའི་ཐོག་ཡ་ང་སྙིང་རྗེ་མེད་པར་མེ་མདའ་རྒྱབ་སྟེ་ཉུང་མཐར་ཡང་བོད་མི་གསུམ་རྨས་སྐྱོན་བཏང་ཡོད་པ་དང་བོད་མི་བཅུ་བདུན་ཙམ་འཛིན་བཟུང་བྱས་ཡོད་པ་དང་ས་གནས་རྒྱ་ནག་སྲིད་གཞུང་གིས་ད་ལྟ་ས་ཁུལ་མང་ཚོགས་ལ་གནས་ཚུལ་དེ་རིགས་ཕྱིར་བསྒྲགས་མི་འགྱུར་བ་བྱ་དགོས་པའི་བཀའ་རྒྱ་ནན་པོ་བཏང་ཡོད་སྐོར་ཡིད་ཆེ་འཕེར་བའི་མི་སྣ་ཞིག་གིས་ངོ་སྤྲོད་གནང་གི་ཡོད་པ་རེད༎