ཐེམ་ཆེན་རྫོང་མུ་རིའི་རྡོ་སོལ་གཏེར་ཁ་དང་ཁོར་ཡུག་འབག་བཙོག
2014.08.07
ཐེམ་ཆེན་རྫོང་ནས་གཏེར་ཁུལ་གསར་བ་གཉིས་བསྔོག་འདོན་ཆེད་ཁོར་ཡུག་སྲུང་སྐྱོབ་ཀྱི་ས་ཁུལ་བརྒྱ་ཆའི་ལྔ་ཡི་གཞི་རྒྱ་ཆུང་དུ་བཏང་འདུག
དེ་ཡང་ཉེ་ཆར་རྒྱ་ནག་གི་ལྷོ་ཕྱོགས་གཟའ་མཇུག་ཚགས་པར་སོགས་ཀྱི་ནང་མཚོ་སྔོན་ཐེམ་ཆེན་རྫོང་གི་མུ་རིའི་རྡོ་སོལ་གཏེར་ཁུལ་གྱི་གནས་ཚུལ་སུན་འབྱིན་བྱས་པའི་ནང་། ལོ་སྔོན་མར་མཚོ་སྔོན་ཞིང་ཆེན་གྱི་གཙང་གསུམ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁོངས་སུ་གཏོགས་པའི་མུ་རིའི་གཏེར་ཁུལ་གྱི་ཆ་ཤས་མཚོ་ནུབ་ཁུལ་གྱི་ཐེམ་ཆེན་དང་། མཚོ་བྱང་ཁུལ་གྱི་རྐང་ཚ་གཉིས་ཀྱི་བར་ན་ཡོད་པའི་སྤྱང་ཚང་གཏེར་ཁུལ་ནས་ཡང་བསྐྱར་སྟོད་སོག་གོང་མ་ཞེས་པའི་གཏེར་ཁུལ་གསར་བ་གཉིས་བསྔོག་འདོན་བྱེད་རྒྱུའི་འཆར་གཞི་མགོ་བརྩམས་ཡོད་ལ། རྒྱ་ནག་གི་ལྷོ་ཕྱོགས་གཟའ་མཇུག་གི་གསར་འགོད་པས་ཤེས་རྟོགས་ལྟར་ན། གཏེར་ཁུལ་གསར་བ་ཡོད་ས་དེ་གཙང་གསུམ་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁོངས་སུ་ཡོད་པས་གཏེར་བསྔོག་བྱས་ན། ས་དེ་ནས་རྨ་ཆུའི་ནང་བཞུར་གྱིན་པའི་སྤྱང་ཚང་ཆུ་བོ་དང་། འཇུ་ལག་ཆུ་བོ་དེ་བཞིན་མཚོ་སྔོན་པོའི་འབྱུང་ཁུངས་གཙོ་བོ་བི་ཧ་ཆུ་བོ་བཅས་ལ་འབོག་བཙོག་ཐེབས་ནས་རྨ་ཆུ་དང་། མཚོ་སྔོན་པོར་ཡང་ཉེན་ཁ་ཡོད་པ་མཚོ་སྔོན་གྱི་ཁོར་ཡུག་སྲུང་སྐྱོབ་སྡེ་ཚན་གྱིས་རྟོག་ཞིབ་བསམ་འཆར་ཡི་གེ་ཡར་ཞིང་ཆེན་སྲིད་གཞུང་ལ་ཕུལ་ཡོད་ཀྱང་། གཏེར་ཁ་བསྔོག་འདོན་བྱེད་མཁན་གྱིས་གཞུང་གི་ཆོག་ཆན་མ་ཐོབ་སྔོན་ལས་གཞི་མགོ་བཙུགས་ཡོད་ཚུལ་དང་། དེའི་རྗེས་ནས་སྲིད་གཞུང་གིས་ས་ཁུལ་དེ་དག་ཁོར་ཡུག་སྲུང་སྐྱོབ་ཀྱི་ཁོངས་ནས་ཕར་བླངས་ཏེ་གཞི་རྒྱ་བརྒྱ་ཆའི་ལྔ་ཙམ་ཆུང་དུ་བཏང་ཡོད་པ་དང་། ད་ལྟ་ཁོར་ཡུག་འབག་རྩོག་ཐེབས་པ་དེས་རྨ་ཆུ་དང་མཚོ་སྔོན་པོར་ཡང་ཉེན་ཁ་ཆེན་པོ་ཡོད་འདུག
ཡང་མཚོ་སྔོན་གྱི་ཁོར་ཡུག་སྲུང་སྐྱོབ་མི་སྣ་ཞིག་གིས་གོང་བརྗོད་གསར་འགོད་པ་ཁ་རོག་ལ་བརྗོད་ན། མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་གཙང་གསུམ་ཁོར་ཡུག་སྲུང་སྐྱོབ་ས་ཁུལ་གྱིས་མཚོ་སྔོན་ཞིང་ཆེན་གྱི་ཕྱེད་ཀ་ཟིན་ཡོད་པས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་གོང་འཕེལ་ཐད་འགལ་ཟླ་ཆེན་པོ་ཆགས་ཀྱི་ཡོད་ཟེར། ཡང་ས་གནས་བོད་མི་ཞིག་གིས་འདི་གར་བརྗོད་ན། ད་ལྟ་སྤྱང་ཚང་གཏེར་ཁུལ་ཆེད་གཞུང་ལམ་ཞིག་བཟོ་རྩིས་ཡོད་པ་དེ་ན་ནིང་ནས་ལས་འགོ་བརྩམས་ཡོད་ཀྱང་། ད་སྐབས་མཚམས་བཞག་ཡོད་། རྒྱུ་རྐྱེན་གསལ་པོ་ཤེས་རྟོགས་མེད་ཀྱང་། ས་གནས་བོད་མི་ཚོས་ལས་གཞི་དེ་གཏན་ནས་མཚམས་འཇོག་ཡོང་བར་རེ་བ་བྱེད་བཞིན་ཡོད་ཟེར། དེ་མིན་ད་ལྟ་མུ་རིའི་གཏེར་ཁུལ་མཐའ་འཁོར་དུ་ས་རྡུལ་གྱི་ཁེངས་བ་མ་ཟད། ཐ་ན་ཟོག་ལུག་བཤས་ན་ནང་ཁྲོལ་ཚང་མའང་ནག་པོ་ཆགས་ཡོད་པ་དང་མི་ཕྱུགས་ལ་ན་ཚ་འདྲ་མིན་བྱུང་བཞིན་ཡོད་འདུག
སྤྱིར་བཏང་མཚོ་སྔོན་ཞིང་ཆེན་ཐེམ་ཆེན་རྫོང་གི་མུ་རིའི་རྡོ་སོལ་གཏེར་ཁ་བསྔོག་འདོན་གྱིས་ཁོར་ཡུག་དང་། ས་གནས་མང་ཚོགས་ལ་གནོད་སྐྱོན་ཚབས་ཐེབས་བཞིན་པ་ནི་གནས་ཚུལ་གསར་བ་ཞིག་མིན་ནའང་། གནད་དོན་དེར་དོ་སྣང་བྱེད་མཁན་ཧ་ཅང་ཉུང་ཉུང་རེད། རྒྱུ་མཚན་ནི་ཐེམ་ཆེན་གྱི་མུ་རི་དང་། སྤྱང་ཚང་གཏེར་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་རྡོ་སོལ་གཏེར་ཁའི་ཡོང་ཁུངས་བརྒྱ་ཆའི་༨༧ལྷག་ཡིན་པ་དང་། སྤུསདག་རྡོལ་སོལ་ཌོན་དུང་ཕྱུར་༣༥་ཡི་གསོག་ཚད་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱིས་བརྗོད་བཞིན་ཡོད་པས། མཚོ་སྔོན་ཞིང་ཆེན་གྱི་ཡོང་སྒོ་གཙོ་བོ་ཞིག་ཆགས་ཡོད།
གསར་འགོད་པ་ལྕགས་མོ་འཚོ།