ཨ་རིའི་གྲོས་ཚོགས་འཐུས་མིས་བོད་མིར་གདུང་སེམས་མཉམ་སྐྱེད།
2012.02.09
༄༅༎ཁ་ས་ཕྱི་ཟླ་༢པའི་ཚེས་༨ཉིན་ ལྷག་དཀར་གྱི་ཉིན་མོར་རྒྱལ་སྤྱིའི་ཁྱོན་ཡོངས་སུ་བོད་མི་དང་བོད་དོན་རྒྱབ་སྐྱོབ་བ་རྣམས་ནས་གཞི་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་ཉིན་རྒྱ་དུས་གཅིག་གི་ལས་འགུལ་ཉིན་ ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་ཕེ་རེང་ལྦུཕ་མཆོག་གིས་བོད་མིའི་རང་དབང་འཐབ་རྩོད་ལ་རྒྱབ་སྐྱོར་དང་ གདུང་སེམས་མཉམ་བསྐྱེད་མཚོན་པའི་སྤྱི་བསྒྲགས་སྤེལ་གནང་ཡོད་ལ་ སྤྱི་བསྒྲགས་དེ་བཞིན་ཁ་ས་རྒྱལ་ས་ལྦ་ཤིང་ཀྲོན་ཏུ་རྒྱ་ནག་གི་གཞུང་ཚབ་ལས་ཁུངས་མདུན་དུ་ས་གནས་ཀྱི་བོད་མི་རྣམ་ནས་རྔོ་རྒོལ་རྔམ་སྟོན་གྱི་འདུ་འཛོམས་སྐབས་ རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་མེ་རི་སྦེཐ་ལགས་ནས་སྒྲོག་སྦྱང་གནང་ཡོད་པ་རེད་ སྐུ་ཞབས་ཕེ་རེང་ལྦུཕ་མཆོག་གིས་སྤྱི་བསྒྲགས་དེའི་ནང་ རྒྱལ་སྤྱིའི་ཐོག་བོད་མི་དང་བོད་མིའི་གྲོགས་པོ་རྣམས་ཀྱིས་བོད་ནང་དཀའ་སྡུག་མྱོང་བཞིན་པའི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་བར་རྒྱབ་སྐྱོར་ཞུ་རྒྱུ་མ་ཟད་ རྒྱ་ནག་གཞུང་གིས་དྲག་གནོན་རྐྱེན་པས་ བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྡལ་བཤིག་བསྟུད་མར་བཏང་སྟེ་ དཀའ་ངལ་ཆེན་པོ་འཕྲད་བཞིན་པའི་གནས་སྟངས་འོག་ རྒྱ་ནག་གཞུང་ཚབ་མདུན་དུ་ཞི་རྒོལ་གྱི་ལས་འགུལ་དེ་དག་འོས་འཚམ་ཞིག་ཆགས་ཡོད་པའི་སྐོར་གསལ་འདོན་གནང་བཞག དེ་བཞིན་སྔ་ལོ་ནས་བཟུང་ བོད་ནང་དགེ་འདུན་པ་དང་བཙུན་མ་གཙོ་བོར་གྱུར་བའི་བོད་མི་རྣམས་ཀྱིས་ རྒྱ་ནག་གི་དྲག་གནོན་གི་སྲིད་ཇུས་ལ་བཟོད་ཐབས་བྲལ་ཏེ རང་ལུས་མེར་བསྲེག་བསྟུད་མར་བཏང་བའི་དོན་རྐྱེན་དེར་ རང་དབང་ལྡན་པའི་འཛམ་གླིང་ཡུལ་གྲུའི་མང་ཚོགས་ཀྱི་སེམས་ནང་ འཇིགས་སྣང་དང་དངངས་སྐྲག་སྐྱེ་གཞི་ཞིག་ཏུ་གྱུར་ཡོད་ལ་ ཉེ་ལམ་བོད་ནང་དུ་བོད་མི་མང་པོའི་ཚེ་སྲོག་ཤོར་བར་ཧ་ཅང་བློ་ཕམ་བྱུང་ཀྱང་ བོད་མི་ཚོས་རྒྱལ་སྤྱིའི་རྒྱབ་སྐྱོར་བསྐྲུན་ཐབས་ཀྱི་འབོད་སྒྲ་སྦྲོགས་བཞིན་པ་དེར་ ཁོང་སྐུ་ཉིད་ནས་བསམ་ཤེས་ཐུབ་ཀྱི་འདུག་ཅེས་གྲོས་ཚོགས་ཀྱི་འཐུས་མི་མཆོག་གིས་ནན་བརྗོད་གནང་བཞག མཐའ་དོན་དུ་སྐུ་ཞབས་ཕེ་རེང་ལྦུཕ་མཆོག་ནས་རྒྱ་ནག་རྒྱལ་ས་པེ་ཅིང་དུ་གནས་སྡོད་ཨ་རིའི་གཞུང་ཚབ་སྐུ་ཞབས་གེ་རི་ལོཀ་མཆོག་ནས་རྒྱ་ནག་གི་དཔོན་རིགས་མཐོ་གྲས་ཚོ་དང་ཐུག་འཕྲད་གནང་སྟེ་ རྒྱ་ནག་གིས་བོད་ནང་དམ་བསྒྲགས་གི་སྲིད་བྱུས་ལག་བསྟར་བྱེད་བཞིན་པའི་གནད་དོན་གླེང་སློང་གནང་དགོས་པའི་སྐུལ་ལྕག་གནང་པ་དང་ ལྷག་པར་དུ་སྲིད་འཛིན་ཨོ་སྦ་མ་མཆོག་གིས་ རྒྱ་ནག་གི་སྲིད་འཛིན་གཞོན་པ་ཤི་ཅིན་ཕིང་དང་མཇལ་འཛོམས་གནང་སྐབས་ ད་ལྟའི་བོད་ནང་དམ་བསྒྲགས་ཅན་གྱི་སྲིད་བྱུས་དེར་ ཨ་རི་གཞུང་གིས་སེམས་འཚབ་ཡོད་པའི་རྣམ་པ་གསལ་སྟོན་བྱ་རྒྱུ་མ་ཟད་ བོད་ཀྱི་རྒྱལ་ས་ལྷ་སར་ཨ་རིའི་གཞུང་ཚབ་ལས་ཁུངས་གསར་འཛུགས་དགོས་པའི་རེ་འདུན་ཡང་གསལ་འདོན་གནང་དགོས་པ་བཅས་ད་རེས་ཀྱི་སྤྱི་བསྒྲགས་དེའི་ཐོག་འབོད་སྐུལ་གནང་བཞག་།